ཨི་ཟི་རིལ་གྱིས་ཕམ་ཁ་ཁུར་མ་ཐུབ་པ།
ཨི་ཟི་རིལ་གྱིས་རྒྱལ་སྤྱིའི་ཁྲིམས་དང་འགལ་ནས། པེ་ལི་སི་ཐན་གྱི་ས་ཆར་གཞིས་ཆགས་འཛུགས་ཀྱི་ཡོད་པ་དེ་མཚམས་འཇོག་དགོས་པའི་གྲོས་ཆོད་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པ་དང་། ཨི་ཟི་རིལ་གྱིས་གྲོས་ཆོད་དེ་ངོ་ཚ་མེད་པའི་བྱ་སྤྱོད་ཅིག་ཡིན་པས་རྒོལ་ལན་སློག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༣ ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་ཨི་ཟི་རིལ་གྱིས། པེ་ལི་སི་ཐན་གྱི་ས་ཆ་བཙན་བཟུང་བྱས་ནས་གཞིས་ཆགས་འཛུགས་བཞིན་པ་དེ་མཚམས་འཇོག་དགོས་པའི་གྲོས་ཆོད་བཏོན་པ་དང་། དེར་ཚོགས་མི་རྒྱལ་ཁབ་༡༤ ཡི་རྒྱབ་སྐྱོར་གྱི་འོས་བླུགས་འདུག་པ་དང་། ཨ་རིས་འོས་ཤོག་དེ་ལ་ཆ་ཤས་བླངས་མེད་པ་རེད།
ཨི་ཟི་རིལ་གྱིས་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཨ་རིས་འོས་ཤོག་དེར་ཆ་ཤས་མ་བླངས་པར་སྐྱོན་བརྗོད་དང་། གྲོས་ཆོད་དེའི་རྒྱབ་ལ་བརྒྱུད་སྐུལ་བྱེད་མཁན་ཨ་རི་ཡིན་པའི་ཉེས་འཛུགས་བྱས་འདུག་ཀྱང་། ཨ་རིས་ཁས་ལེན་བྱས་མི་འདུག
ཟླ་འདིའི་ཚེས་༢༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་གསལ། ཨི་ཟི་རིལ་གྱི་སྲིད་བློན་བྷེན་ཇཱ་མེན་གྱིས་སྟོན་པ་ཡི་ཤུའི་འཁྲུངས་སྐར་ཉིན། ཨི་ཟི་རིལ་ལ་ཡོད་པའི་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམས་སྐད་བཏང་འདུག་པ་དང་། དེ་བཞིན་ཨ་རིའི་སྐུ་ཚབ་ཀྱང་སྐད་བཏང་ཡོད་འདུག དེ་བཞིན་ཨི་ཟི་རིལ་གྱིས་འགྲོ་གྲོན་གཏོང་བཞིན་པའི་རྒྱལ་ཚོགས་ཀྱི་མ་ལག་ལས་ཁང་ཁག་ལ་འགྲོ་གྲོན་གཏོང་རྒྱུ་མཚམས་འཇོག་བྱས་ཡོད་འདུག དེ་ཉིན་གཞུང་ཚབ་ཁང་མང་ཆེ་བ་གུང་གསེང་ཡིན་ཡང་དེ་ལྟར་བྱེད་དོན་ནི། ཨི་ཟི་རིལ་གྱིས་རྒྱལ་ཚོགས་ནང་གི་ཕམ་ཁ་དེ་ཁུར་ཐུབ་ཀྱི་མེད་པ་གསལ་སྟོན་བྱས་ཡོད་སྐོར་གྱི་བསམ་ཚུལ་བརྗོད་མཁན་མང་པོ་ཡོད་འདུག
དེ་བཞིན་ཟླ་འདིའི་ཚེས་༢༤ ཉིན་ཨི་ཟི་རིལ་གྱི་སྲིད་བློན་གྱིས་གྲོས་ཆོད་དེ་ཕྱིར་བསྡུ་ཡོང་ཆེད་དུ་ལས་ཀ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དཀྱིལ་ཤར་ཡུལ་གྲུའི་ཞི་བདེ་ལྷིང་འཇགས་ཡོང་ཆེད་རྒྱལ་ཁབ་མང་པོ་ཞིག་གིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ཡོད་འདུག་པ་དང་། ད་བར་ཨི་ཟི་རིལ་གྱི་མི་སེར་འབུམ་ལྔ་ལྷག་པེ་ལི་སི་ཐན་གྱི་ས་ཆར་བཙན་བཟུང་བྱས་ནས། གཞིས་ཆགས་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ནང་གཞིས་ཆགས་དེ་དག་ཁྲིམས་འགལ་ཡིན་འདུག་ཀྱང་། ཨི་ཟི་རིལ་གྱིས་དེ་ལྟར་ངོས་ལེན་བྱེད་ཀྱི་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།