ཨི་རག་དང་སི་རི་ཡའི་ནང་གི་ཆེས་ཁྲག་དྲི་བྲོ་བའི་ལོ།
ཨི་རག་དང་སི་རི་ཡའི་ནང་དུ་ཟིང་འཁྲུག་བྱུང་པ་ནས་བཟུང་ཕྱི་ལོ་༢༠༡༤ ལོ་དེ་ཤི་རྨས་ཆེས་ཚབས་ཆེ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད་པ་དང་། རགས་རྩིས་བྱས་པ་ལྟར་ན། འདི་ལོར་རྒྱལ་ཁབ་དེ་གཉིས་ཀྱི་ནང་དུ་མི་འབུམ་གཅིག་ལ་ཉེ་བའི་ཚེ་སྲོག་ཤོར་ཡོད་པ་རེད།
དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་སྒྲིག་འཛུགས་ཀྱིས་ཨི་རག་དང་། སི་རི་ཡའི་ནང་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་པའི་མི་གྲངས་བསྡོམས་རྩིས་ཀྱི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ཨི་རག་གི་ཆོས་ལུགས་གྲུབ་མཐའི་བར་གྱི་ཟིང་འཁྲུག་དང་། ཁ་ཆེའི་རྒྱལ་ཁབ་ཅེས་འབོད་པའི་འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ཀྱིས་ཨི་རག་གི་ས་ཆ་ཧ་ཅང་མང་པོ་བཙན་བཟུང་བྱས་པ་སོགས་ལ་བརྟེན་ནས། ༢༠༡༤ ་དེ་ཨི་རག་ནང་གི་མི་སེར་དཀྱུས་མ་ཤི་རྨས་ཆེས་ཚབས་ཆེ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད་པ་དང་། རགས་རྩིས་བྱས་པ་ལྟར་ན། མི་གྲངས་༡༧༠༧༣ ཙམ་ཁྲག་དྲི་བྲོ་བའི་དྲག་པོའི་ཟིང་འཁྲུག་གི་ཁྲོད་དུ་འདས་གྲོངས་སུ་གྱུར་ཡོད་འདུག
སི་རི་ཡའི་ནང་འཁྲུག་བྱུང་སྟེ་ལོ་བཞི་ཙམ་སོང་པའི་རིང་ཕྱི་ལོ་༢༠༡༤ དེ་ཤི་རྨས་ཆེས་ཚབས་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད་པ་དང་། ལོ་ཧྲིལ་པོའི་ནང་དྲག་པོའི་ཟིང་འཁྲུག་གི་ཁྲོད་ཚེ་སྲོག་ཤོར་བའི་མི་གྲངས་༧༦༠༠༠ ཙམ་ཟིན་ཡོད་པ་མ་ཟད། འདས་གྲོངས་སུ་གྱུར་པའི་ནང་གི་མི་༡༧༧༩༠ ཙམ་མི་སེར་དཀྱུས་མ་ཡིན་པ་དང་། དེའི་ཁྲོད་དུ་བྱིས་པ་༣༥༠༡ ཙམ་ཚུད་ཡོད་པ་རེད།
ཨ་རིས་འགོ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་དཔུང་གིས་ཁ་ཆེའི་འཇིགས་སྐུལ་སྒྲིག་འཛུགས་རྩ་གཏོར་ཆེད། ཨི་རག་དང་སི་རི་ཡའི་ནང་དུ་སྔ་ཕྱིར་མཁའ་ལམ་ནས་དྲག་རྒོལ་ཁྱོན་ཐེངས་༢༩ ཙམ་བྱས་ཡོད་ཅིང་། དེའི་ནང་ཨི་རག་གི་ས་ཐོག་ཏུ་ཐེངས་༡༢ དང་། སི་རི་ཡའི་ནང་དུ་ཐེངས་༡༧ ཙམ་གཏོར་རྒོལ་བྱས་ཡོད་འདུག་ལ། ཨ་རིའི་དམག་ཕྱོགས་ནས་གསལ་བསྒྲགས་ཤིག་སྤེལ་པའི་ནང་འཁོད་པ་ལྟར་ན། མཁའ་ལམ་དྲག་རྒོལ་གྱིས་ཁ་ཆེའི་འཇིགས་སྐུལ་སྒྲིག་འཛུགས་ཀྱི་ཁང་རྩེག་དང་དམག་སྒར། དམག་བྱུས་ཚན་ཁག མེ་སྒྱོགས་ཀྱི་མ་ལག་སོགས་གཏོར་བཤིག་བཏང་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།