ཨི་རན་གྱི་ངོ་རྒོལ་ལས་འགུལ་ཁྲོད་ཉུང་མཐར་མི་གྲངས་༢༨༧ དམར་གསོད་བཏང་ཟིན་འདུག 

ད་ལྟའི་ཆར་ཨི་རན་གྱི་གཞུང་གིས་ངོ་རྒོལ་བ་ཚོར་དྲག་གནོན་བྱེད་བཞིན་ཡོད་མེད་ལ་མ་ལྟོས་པར། བུད་མེད་ཚོས་སྣེ་ཁྲིད་པའི་གཞུང་ལ་ངོ་རྒོལ་ལས་འགུལ་མུ་མཐུད་འགྲོ་བཞིན་འདུག་པ་དང་། ད་ལྟ་བར་བདེ་སྲུང་མི་སྣས་ལས་འགུལ་བ་མི་གྲངས་ཉུང་མཐར་༢༨༧ དམར་གསོད་བཏང་ཡོད་པ་རེད་འདུག 

ཟླ་༡༡ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༩ པའི་ཚེས་༡༣ ཉིན་ཨི་རན་གྱི་རྒྱལ་ས་ཊེ་རན་ནང་དུ། རང་ལོ་༢༢ ཡིན་པའི་བུད་མེད་གཅིག་གིས་མགོ་རས་གྱོན་མེད་པས། བཟང་སྤྱོད་ཀྱི་ཉེན་རྟོག་རུ་ཁག་ཅེས་པའི་ཉེན་རྟོག་པས་མོ་འཛིན་བཟུང་བྱས་འདུག་པ་དང་། རྗེས་སུ་ཉིན་གསུམ་རྗེས་སྨན་ཁང་ནང་དུ་གྲོངས་ཡོད་འདུག དེ་ཡང་བུད་མེད་དེའི་ནང་མིས་བརྗོད་དོན་ལྟར་ན། ཉེན་རྟོག་པ་ཚོས་བུད་མེད་དེ་འཛིན་བཟུང་བྱས་སྐབས། མོའི་མགོ་རླངས་འཁོར་ལ་བརྡབ་པ་དང་། མོའི་མགོ་ལ་ལྕགས་རྒྱུག་གིས་བརྡུངས་བ་སོགས་རྡུང་རྡེག་བཏང་རྐྱེན་གྲོངས་བ་ཡིན་སྐོར་བརྗོད་འདུག འོན་ཀྱང་ཉེན་རྟོག་པས་བུད་མེད་དེར་ཉེས་རྡུང་བཏང་མེད་པ་དང་མོའི་སྙིང་རྩ་གློ་བུར་དུ་འགག་ནས་གྲོངས་བ་ཡིན་སྐོར་བརྗོད་བཞིན་འདུག གནད་དོན་དེ་ལ་བརྟེན་ནས་ཨི་རན་ནང་དུ་བུད་མེད་ཀྱིས་སྣེ་ཁྲིད་པའི་མི་མང་ལས་འགུལ་བ་སྟོང་ཕྲག་མང་པོས། ཆོས་ལུགས་མི་སྣས་སྣེ་ཁྲིད་པའི་ཨི་རན་གྱི་གཞུང་དེར་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། ལས་འགུལ་དེ་ནི་ཕྱི་ལོ་༡༩༧༩ ཡི་གསར་བརྗེ་ཆེན་མོའི་རྗེས་སུ་ཆོས་ལུགས་མི་སྣའི་དབང་ཆ་གཅིག་སྡུད་ཀྱི་གཞུང་འཛིན་ལམ་ལུགས་ལ་ངོ་རྒོལ་ལས་འགུལ་ཆེ་ཤོས་ཆགས་ཀྱི་ཡོད་འདུག

འདས་གྲོངས་སུ་སོང་མཁན་བུད་མེད་དེའི་ཕུང་འདོན་གྱི་རྗེས་སུ། བུད་མེད་ཚོས་སྣེ་ཁྲིད་ནས་གྲོང་ཁྱེར་དང་ས་གནས་འདྲ་མིན་ནས་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། བུད་མེད་མང་པོ་ཞིག་གིས་མགོ་རས་གནམ་ལ་གཡུགས་པ། མགོ་རས་མེར་བསྲེགས་པ། ཨི་རན་རྒྱལ་ཁབ་ཀྱི་གནད་དོན་ཚང་མའི་ཐོག་མཐའ་མའི་ཐག་གཅོད་བྱེད་པའི་དབང་ཚད་ཡོད་མཁན་བླ་ན་མེད་པའི་དབུ་ཁྲིད་ཨཱ་ཡོ་ཏ་ལ་ཨཱ་ལི་ཁཱ་མཱི་ནཱིའི་པར་མེར་བསྲེགས་པ་སོགས་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་སྤེལ་བཞིན་འདུག རྗེས་སུ་མཐོ་སློབ་ཁང་ཁག་ཏུ་ཡང་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་འདུག 

ཉེ་ཆར་ཨི་རན་གྱི་གཙུག་ལག་སློབ་ཁང་མང་པོ་ཞིག་གི་ནང་དུ། སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ཁོ་ཚོས་ད་བར་འཛིན་བཟུང་བྱས་པའི་སློབ་མའི་ལས་འགུལ་བ་རྣམས་གློད་གྲོལ་གཏོང་དགོས་པ་དང་དེ་འདྲ་མ་བྱུང་བའི་བར་དུ་འཛིན་གྲྭར་འགྲོ་རྒྱུ་མིན་པའི་དགོས་འདུན་བཏོན་འདུག  ཁོ་ཚོས་བརྗོད་དོན་ལྟར་ན་ད་བར་སློབ་མའི་ལས་འགུལ་བ་༣༠༠ འཛིན་བཟུང་བྱས་ཡོད་པ་རེད་འདུག 

ཨི་རན་གྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བའི་གསར་ཁང་གིས་བརྗོད་དོན་ལྟར་ན། གཞུང་ལ་ངོ་རྒོལ་ལས་འགུལ་འགོ་བཙུགས་པ་ནས་བཟུང་། བདེ་སྲུང་མི་སྣས་ད་བར་མི་གྲངས་ཉུང་མཐར་༢༨༧ དམར་གསོད་བཏང་ཡོད་པ་དང་། དེའི་ཁོངས་སུ་ཕྲུ་གུ་༤༦ ཡོད་པ་རེད་འདུག དེ་བཞིན་མི་གྲངས་༡༤༡༦༠ འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་འདུག 

ཨི་རན་གྱི་གཞུང་འབྲེལ་གསར་ཤོག་གིས་བརྗོད་དོན་ལྟར་ན། ད་བར་ཕྱིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡོད་པའི་འཁྲུག་ཟིང་སློང་མཁན་ཚོས་བདེ་སྲུང་མི་སྣ་༣༥ དམར་གསོད་བཏང་ཡོད་འདུག དེ་ཡང་ཨི་རན་གཞུང་གིས་ངོ་རྒོལ་ལས་འགུལ་བ་རྣམས་ནི་ཨི་རན་ལ་གནོད་སེམས་ཡོད་མཁན་གྱི་ཕྱིའི་རྒྱལ་ཁབ་ཁག་གི་གསང་བའི་ལས་མི་ཡིན་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་འདུག དེ་སྔོན་ཨི་རན་གྱི་བླ་ན་མེད་པའི་དབུ་ཁྲིད་ཀྱིས་ལས་འགུལ་དེ་དག་ལ་ཟིང་འཁྲུག་ཡིན་པ་ངོས་འཛིན་བྱས་ཏེ། ཟིང་འཁྲུག་དེ་དག་ནི་ཨི་རན་གྱི་དགྲ་བོ་ཨ་རི་དང་ཨཱི་ཛེ་རིལ་གཉིས་ནས་བརྒྱུད་སྐུལ་བྱས་པ་ཞིག་ཡིན་པ་དང་། དེ་ཡང་རྒྱལ་ཁབ་དེ་གཉིས་ནས་ཨི་རན་གྱི་སྟོབས་ཤུགས་རྒྱས་བཞིན་པར་ཕྲག་དོག་བྱེད་ཀྱི་ཡོད་པ། ཕྱི་ཕྱོགས་སུ་གནས་སྡོད་བྱེད་མཁན་རྒྱལ་ཚོང་པ་ཨི་རན་མི་རིགས་ཁག་ཅིག་གིས་ཁོང་ཚོར་རོགས་པ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཨི་རན་གྱི་བདེ་སྲུང་མི་སྣ་ཚོར་རྒྱབ་སྐྱོར་བྱས་ཏེ། ཟིང་འཁྲུག་སྐབས་སུ་བདེ་སྲུང་མི་སྣ་ཚོར་དྲང་བདེན་བྱུང་མེད་སྐོར་བརྗོད་འདུག

དེ་བཞིན་ཨི་རན་གཞུང་གི་སྤྱི་ཁྱབ་ཁྲིམས་རྩོད་པས་མི་གྲངས་༡༠༠༠ ལ་བདེ་སྲུང་མི་སྣ་དམར་གསོད་དང་མཁར་དངོས་མེར་སྲེག་ཚུད་པའི་ཆེད་མངགས་གཏོར་རྒོལ་གྱི་བྱ་སྤྱོད་ཉེས་འཛུགས་འོག མི་གྲངས་༡༠༠༠ རྣམས་ལ་ཁྲིམས་ཞིབ་བྱེད་ཆེད་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།