ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཀྱིས་ཨི་སི་རེལ་ལ་རྒོལ་ལན་ཐད་ཀར་སློག་དགོས་པའི་བཀའ་བཏང་ཟིན་པར་བརྗོད།

བྷི་བྷི་སི་གསར་ཁང་གི་པར།

ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སི་ཡིས་ཨི་སི་རེལ་ལ་གཏོར་རྒོལ་ཆེན་པོ་བྱས་ཏེ།  ཁྱོན་ཨི་སི་རེལ་གྱི་མི་མང་གཅིག་སྟོང་ལྷག་ཙམ་ཤི་རྨས་བྱུང་ཡོད་པར་བརྟེན། དུས་དེ་ནས་བཟུང་ད་བར་ཨི་སི་རེལ་དང་པ་ལི་སི་ཐན་ནང་ཡོད་པའི་ཧ་མ་སིའི་དྲག་པོའི་དཔུང་ཚོགས་གཉིས་བར་དམག་འཁྲུག་རྒྱག་བཞིན་ཡོད། དེ་རིང་ཞོགས་པའི་ཆུ་ཚོད་༢ པ་ཙམ་ལ་ཧ་མ་སིའི་འགོ་དཔོན་གཙོ་བོ་དེ་ཨི་སི་རེལ་གྱིས་ལྐོག་གསོད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག 

ཕྱི་ཚེས་༣༡ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་མིག་དམར་ཉིན་ཨི་རན་གྱི་སྲིད་འཛིན་དམ་འབུལ་གྱི་མཛད་སྒོའི་ཐོག་ཏུ་ཧ་མ་སིའི་འགོ་དཔོན་(Ismail Haniyeh)བཅར་ཡོད་འདུག་པ་དང་། གཟའ་ལྷག་པའི་ཞོགས་པའི་ཆུ་ཚོད་༢ པ་ཙམ་ལ་ཨི་རན་གྱི་རྒྱལ་ས་(Tehran)་ནང་དུ། ཨི་སི་རེལ་གྱིས་ཧ་མ་སིའི་འགོ་དཔོན་དང་སྐུ་སྲུང་བ་ཞིག་བཅས་སྡོད་གནས་ཁང་པའི་ནང་ལྐོག་གསོད་བཏང་ཡོད་པ་ཨི་རན་གཞུང་གི་གསར་ཁང་ཞིག་གིས་བརྗོད་ཡོད་འདུག ཨི་སི་རེལ་གྱི་ཕྱི་དྲིལ་ལས་དོན་ལྷན་ཚོགས་ཀྱི་(X)་སྤྱི་ཚོགས་དྲྭ་ལམ་ཐོག་བཀོད་དོན་ལ། ཧ་མ་སིའི་འགོ་དཔོན་ལ་དྲང་བདེན་གྱི་ཁྲིམས་ཐག་བཅད་ཟིན། གཏན་དུ་ཁྲིམས་ཐག་བཅད་ཟིན། ཁོའི་ཆེད་དུ་དམྱལ་ཁམས་སུ་གནས་ཁྱད་པར་བ་ཞིག་བཀོད་སྒྲིག་བྱས་ཡོད་ཅེས་བཀོད་ཡོད་འདུག དེ་བཞིན་ཉེ་ཆར་ཨི་སི་རེལ་གྱི་ས་ཆ་(Golan Heights)ཟེར་བའི་སློབ་གྲྭ་ཞིག་གི་རྩེད་ཐང་དུ་ཧི་ཛི་བྷོ་ལ་ཟེར་བའི་དྲག་དཔུང་གིས་གཏོར་རྒོལ་བཏང་ནས་སློབ་ཕྲུག་དང་མི་མང་ཁྱོན་མི་༡༢ བསད་ཡོད་པར་བརྟེན། ཨི་སི་རེལ་གྱིས་(Lebanon)རྒྱལ་ཁབ་ཀྱི་ལྷོ་ཕྱོགས་དུ་ཡོད་པའི་(Hezbollah)ཟེར་བའི་དྲག་སྤྱོད་པའི་དཔུང་ཚོགས་ཤིག་ལ་རྒོལ་རྡུང་དྲག་པོ་བཏང་ཡོད་འདུག་ལ།  ཨི་སི་རེལ་གྱིས་ཟེར་ན་རྒོལ་རྡུང་དེའི་ཁྲོད་(Hezbollah)་དྲག་པོའི་དཔུང་ཚོགས་ཀྱི་འགོ་དཔོན་(Fuad Shukr)ཟེར་ཡང་བསད་ཡོད་པར་བརྗོད་ཀྱང་། ཧི་ཛི་བྷོ་ལས་ད་ལྟ་བར་བསད་ཡོད་པར་བརྗོད་མེད། ཨི་སི་རེལ་གྱིས་དེ་ནི་(Golan Heights)་ཟེར་བའི་སློབ་གྲྭའི་རྩེད་ཐང་ལ་གཏོར་རྒོལ་བཏང་ནས་སློབ་ཕྲུག་གསོད་མཁན་ནི་(Fuad Shukr)ཟེར་བའི་མི་དེ་ཡིན་པས་དེའི་རྒོལ་ལན་ཆེད་དུ་ཡིན་པར་བརྗོད། 

ཁ་སང་དང་དེ་རིང་ཉིན་གཉིས་རིང་དཀྱིལ་ཤར་ཡུལ་གྲུའི་ནང་གི་ས་གནས་མང་པོ་ཞིག་ལ་དམག་འཁྲུག་ཁྱབ་བཞིན་ཡོད་འདུག་པ་དང་། དཀྱིལ་ཤར་ཡུལ་གྲུའི་ནང་ཡོད་པའི་ཨ་རབ་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་དྲག་པོའི་དཔུང་ཚོགས་མང་པོ་ཞིག་གིས་ཨི་སི་རེལ་གྱིས་ཧ་མ་སིའི་འགོ་དཔོན་བསད་ཡོད་པས། རྒོལ་ལན་མེད་པར་འདུག་ཐབས་མེད་ཅེས་རྗོད་ཀྱི་ཡོད་འདུག ཧ་མ་སིའི་འགོ་དཔོན་དེ་ཨི་སི་རེལ་གྱིས་གསོད་རྒྱུར་ན་ནིང་ཕྱི་ཟླ་༡༠ ཚེས་༧ ཉིན་ཨི་སི་རེལ་གཏོར་རྒོལ་བཏང་བ་ནས་དམིགས་འབེན་དུ་བཟུང་ཡོད་འདུག (Ismail Haniyeh)ཟེར་བ་ཧ་མ་སིའི་འགོ་དཔོན་དེ་ད་ལྟ་རང་ལོ་༦༡ ཡིན་འདུག་པ་དང་། ཕྱི་ལོ་༡༩༦༢ ལོར་གྷ་ཛའི་བྱང་ཕྱོགས་སུ་ཡོད་པའི་པ་ལི་སི་ཐན་གྱི་སྐྱབས་བཅོལ་བའི་སྡོད་གནས་ཤིག་ཏུ་སྐྱེས་ཡོད་འདུག ཧ་མ་སི་དྲག་དཔུང་ཐོག་མ་གསར་འཛུགས་བྱེད་མཁན་གྱི་གྲས་ཡིན་ཞིང་། འགོ་དཔོན་དེ་ཆུང་དུས་སློབ་གྲྭ་ནང་ཡོད་དུས་ནས་ཨི་སི་རེལ་ལ་ངོ་རྒོལ་ཤུགས་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག་ལ། རིམ་བཞིན་ཧ་མ་སི་དྲག་པོའི་དཔུང་ཚོགས་གསར་འཛུགས་བྱས་ནས་ཨི་སི་རེལ་དང་པ་ལི་སི་ཐན་གཉིས་བར་གྲོས་མཐུན་མང་པོ་བཞག་ཡོད་པ་དག་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་ནས་ཨི་སི་རེལ་གྱི་མི་རིགས་ཡིན་པའི་རྗེའུ་མི་རིགས་ལ་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་འདུག ཕྱི་ལོ༢༠༠༦ ལོར་པ་ལི་སི་ཐན་ནང་འོས་བསྡུའི་ལམ་ནས་ཧ་མ་སིའི་དྲག་པོའི་དཔུང་ཚོགས་ཀྱི་འགོ་དཔོན་ཆགས་ཡོད་འདུག ཁོ་འགོ་དཔོན་ཆགས་པ་ནས་ཧ་མ་སིའི་དྲག་པོའི་དཔུང་ཚོགས་ལ་གོ་ལག་དང་དཔལ་འབྱོར་ཐོག་ནས་རོགས་རམ་བྱེད་ཀྱི་ཡོད་འདུག་ཅིང་། ཁོ་རང་དུས་རྒྱུན་ནས་ཨ་རབ་རྒྱལ་ཁབ་འདྲ་མིན་ནང་སྡོད་ཀྱི་ཡོད་འདུག ཧ་མ་སིའི་འགོ་དཔོན་དེ་ལ་བུ་གསུམ་ཡོད་པ་དག་འདི་ལོའི་ཕྱི་ཟླ་༤ ནང་ཨི་སི་རེལ་གྱིས་བསད་ཡོད་འདུག་ལ། གཞན་ཡང་ཁོའི་ཚ་བོ་དང་ཚ་མོ་གསུམ། དེ་བཞིན་བུ་གཅིག་བཅས་ཨི་སི་རེལ་གྱིས་བསད་ཟིན་ཡོད་འདུག ཨི་སི་རེལ་གྱིས་ཧ་མ་སིའི་འགོ་དཔོན་(Ismail Haniyeh)ཟེར་བ་དེ་ན་ནིང་ཕྱི་ཟླ་༡༠ ཚེས་༧ ཉིན་ཨི་སི་རེལ་ལ་དྲག་རྒོལ་བྱེད་རྒྱུའི་བྱུས་འདོན་མཁན་གཏེ་དཔོན་དེ་ཡིན་པར་བརྗོད་ཡོད་འདུག

 གཟའ་ཕུར་བུའི་ཉིན་ཨི་རན་ནང་(Ismail Haniyeh)་ཡི་ཕུང་པོ་འདོན་ལས་བྱས་ཡོད་འདུག ཕུང་པོ་འདོན་ལས་ཀྱི་སྐབས་སུ་ཨི་རན་གྱི་མི་མང་སྟོང་ཚོ་མང་པོ་འཛོམས་ནས་མྱ་ངན་ཞུས་ཡོད་འདུག་ལ།  དེ་བཞིན་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་(Ayatollah khamenei)ཟེར་བ་དེ་ཡིས། ཨི་སི་རེལ་གྱིས་ཨི་རན་གྱི་ས་ཐོག་ཏུ་ཁྲིམས་འགལ་ངང་ནས་མི་གསོད་བྱས་ཡོད་པས། དེ་ལ་རྒོལ་ལན་ཐད་ཀར་སློག་དགོས་པའི་བཀའ་བཏང་ཟིན་ཡོད་འདུག ཧ་མ་སི་ཡིས་དྲག་པོའི་དཔུང་ཚོགས་ཀྱིས་ཁོང་ཚོའི་འགོ་དཔོན་(Ismail Haniyeh)་ནི་ཧ་མ་སི་སྤྱི་ཡོངས་ཀྱི་འགོ་ཁྲིད་ཡིན་པ་དང་། ཁོ་བསད་པའི་ཉེས་པ་ཆེན་པོ་བསགས་ཡོད་པས་རྒོལ་ལན་མེད་པར་འདུག་ཐབས་མེད་ཅེས་བརྗོད་ཡོད་འདུག ཨི་སི་རེལ་སྲིད་བློན་གྱིས་ཨི་སི་རེལ་གྱི་མི་མང་ལ་ད་ཆར་ཨི་སི་རེལ་གྱི་ཕྱོགས་ཡོངས་ནས་ཉེན་ཁ་ཆེན་པོ་ཆགས་ཡོད་པར་བརྟེན། ཨི་སི་རེལ་གྱི་མི་མང་ཚང་མས་མཐུན་སྒྲིལ་བྱེད་དགོས་པར་བརྗོད་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་Antonio Guterres་ཡིས་ཨ་རབ་ཡུལ་གྲུའི་ནང་དམག་འཁྲུག་རྒྱ་ཁྱབ་འགྲོ་རྒྱུའི་ཛ་དྲག་ཆེན་པོ་ཆགས་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།