ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་བཟོ་གྲྭ་སོགས་ལ་དྲྭ་རྒོལ་ཤུགས་ཆེན་པོ་ཐེབས་འདུག

ཟླ་འདིའི་ཚེས་༡༣ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གྱི་གཞུང་ལ་དྲྭ་རྒོལ་ཤུགས་ཆེན་བྱུང་ནས་ཚོར་བ་རྣོན་པོའི་གནས་ཚུལ་ཁག་ཅིག་རྐུ་མ་ཤོར་ཡོད་འདུག

པར། India.com

ཟླ་འདིའི་ཚེས་༡༢ ་རེས་གཟའ་སྤེན་པའི་ཉིན། ཨི་རན་གཞུང་གི་འཛིན་སྐྱོང་སྡེ་ཚན་དང་ཁྲིམས་བཟོ་ལྷན་ཁང་། གྲོས་ཚོགས། དེ་བཞིན་རྡུལ་ཕྲན་མཚོན་ཆའི་བཟོ་གྲྭ་དང་གློག་ཁང་། འགྲིམ་འགྲུལ་དྲྭ་རྒྱ་སོགས་གལ་གནད་ཆེ་བའི་སྡེ་ཚན་ཁག་ལ་དྲྭ་རྒོལ་ཤུགས་ཆེན་བྱུང་ནས་ཚོར་བ་སྐྱེན་པའི་གལ་ཆེན་གནས་ཚུལ་ཁག་ཅིག་རྐུ་མ་ཤོར་ཡོད་འདུག

ད་ལྟའི་ཆར་ཨི་སི་རེལ་དང་ཨི་རན་གྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་མ་ཟད། ཟླ་འདིའི་ཚེས་༡ ་ཉིན་ཨི་རན་གྱིས་འཕུར་མདའ་སུམ་བརྒྱ་མ་ཟིན་ཙམ་འཕངས་ནས་ཨི་སི་རེལ་ལ་གནམ་རྒོལ་བྱས་པའི་རྗེས། ཟླ་འདིའི་ཚེས་༩ ་ཉིན་ཨི་སི་རེལ་གྱི་རྒྱལ་སྲུང་བློན་ཆེན་གྷ་ལན་ཊ་(Gallant) ་ཡིས་དམག་མིར་གཏམ་བཤད་བྱེད་སྐབས་ཨི་རན་ལ་ཚབས་ཆེན་པོ་དང་གནད་ལ་འཁེལ་བ། ཧང་སངས་དགོས་པའི་ཡ་ལན་སློག་རྒྱུ་ཡིན་པ་དང་། ཨི་རན་གྱིས་ག་རེ་འབྱུང་བ་དང་ག་འདྲ་འབྱུང་བ་མ་ཤེས་ན་ཡང་། ཁོང་ཚོས་རྒྱུ་འབྲས་མཐོང་གི་རེད་ཅེས་ནན་བརྗོད་བྱས་ཡོད་འདུག

གནས་ཚུལ་རྟོག་ཞིབ་པ་ཚོས་ཨི་སི་རེལ་གྱིས་ཨི་རེན་ལ་དྲྭ་རྒོལ་བྱས་པའི་ལོ་རྒྱུས་རིང་པོ་ཡོད་པས་ཐེངས་འདིའི་དྲྭ་རྒོལ་གྱི་རྒྱབ་ལ་ཨི་སི་རེལ་ཡོད་པར་བརྗོད་ཅིང་། དྲྭ་རྒོལ་གྱི་ཁྱབ་ཚད་དང་གནད་ལ་འཁེལ་བ་སོགས་ཀྱི་རང་བཞིན་གྱིས་བསྟན་པ་ལྟར་ན། འདི་ནི་སྒྲིག་འཛུགས་མེད་པའི་དྲྭ་རྒོལ་བྱེད་མཁན་(Hacker) ་གྱི་སྡེ་ཚན་ཞིག་གིས་བྱས་པ་ཞིག་མིན་པར། ཆ་རྐྱེན་ཕུན་སུམ་ཚོགས་པ་དང་རིག་རྩལ་ཅན་གྱི་སྡེ་ཚན་ཞིག་གིས་བྱས་ཡོད་པ། ལྷག་པར་དུ་ཨི་རན་གྱི་རྨང་གཞིའི་འཛུགས་སྐྲུན་བརྟན་པོ་མེད་པ་བཟོ་འདོད་མཁན་གྱི་རྒྱལ་ཁབ་ཅིག་གིས་བྱས་ཡོད་སྲིད་པར་བརྗོད་འདུག།

ཕྱི་ལོ་༢༠༡༠ ཙམ་ནས་བཟུང་། ཨི་རན་དང་ཨི་སི་རེལ་གཉིས་ཀྱི་བར་དྲྭ་རྒྱ་དང་གློག་ཀླད་ཀྱི་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཨི་སི་རེལ་གྱིས་དུས་རྟག་ཏུ་ཨི་རན་གྱི་རྡུལ་ཕྲན་ལས་གཞི་དེ་རང་ཉིད་ཀྱི་འཚོ་གནས་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་ལྟ་བཞིན་ཡོད་པ་དང་། ཨི་སི་རེལ་གྱི་གསང་བའི་ལས་ཁུངས་མོ་སག་(Mossad) ་གིས་གསང་བའི་ཐོག་ཨི་རན་གྱི་གནས་ཚུལ་རྐུ་བ་དང་། གལ་ཆེན་གྱི་མ་ལག་ཁག་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

ཕྱི་ལོ་༢༠༡༠ ལོར། གནོད་འཚེ་ཅན་གྱི་གློག་ཀླད་འབུ་སྲིན་(Computer worm)་ནམ་དྲྭ་འབུ་ཞིག་ཨི་རན་གྱི་ན་ཏན་ཛེ་(Natanz) ་ཞེས་པའི་རྡུལ་ཕྲན་བཟོ་གྲྭ་ལ་སིམ་འཛུལ་བྱས་ནས་འབུ་སྲིན་དེས་འཕྲུལ་འཁོར་ལ་གཏོར་སྐྱོན་བཏང་བར་བརྟེན། ཨི་རན་གྱི་རྡུལ་ཕྲན་བཟོ་སྐྲུན་གྱི་ལས་གཞི་ལོ་མང་རིང་འཕར་འགྱངས་བྱེད་དགོས་བྱུང་ཡོད་འདུག གནོད་འཚེ་ཅན་གྱི་དྲྭ་འབུ་དེ་གཏོང་མཁན་ཁས་ལེན་བྱེད་མཁན་མ་བྱུང་ཡང་། གནས་ཚུལ་རྟོག་ཞིབ་པ་ཚོས་དྲྭ་འབུ་གཏོང་མཁན་གྱི་རྒྱབ་ཏུ་ཨ་རི་དང་ཨི་སི་རེལ་ཡོད་པར་ཡོངས་གྲགས་སུ་ཡིད་ཆེས་བྱེད་ཀྱི་ཡོད་འདུག

དྲྭ་འབུས་གནས་ཚུལ་རྐུ་བ་དང་འཕྲུལ་འཁོར་དག་ལ་གཏོར་བཤིག་བཏང་བ་ཙམ་མ་ཡིན་པར། ཨི་རན་གྱི་རྡུལ་ཕྲན་ལས་གཞི་ལ་འགོག་རྐྱེན་བཟོ་བ་ལྟར། རྒྱལ་ཁབ་ཅིག་གི་སྲུང་སྐྱོབ་དང་བདེ་འཇགས་ལ་གནོད་པ་བྱེད་ཐུབ་ཀྱི་ཡོད་འདུག། ད་ལྟའི་ཆར་དམག་དོན་གྱི་དམིགས་ཡུལ་འགྲུབ་ཆེད་དྲྭ་འབུ་བེད་སྤྱོད་གཏོང་གི་ཡོད་པས་དྲྭ་དམག་ནི་ཉེན་ཚབས་ཆེ་བ་ཞིག་ཆགས་ཡོད་འདུག

ཨི་སི་རེལ་དང་ཨི་རན་བར་གྱི་འགྲན་རྩོད་དང་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པར་བརྟེན། གལ་སྲིད་ཐེངས་འདིའི་དྲྭ་རྒོལ་གྱི་རྒྱབ་ཏུ་ཨི་སི་རེལ་ཡོད་ཚེ། ཕྱོགས་གཉིས་བར་ཉེན་ཁ་ཇེ་ཆེར་གཏོང་སྲིད་པ་དང་། དེ་སྔ་ཨི་སི་རེལ་གྱིས་ཨི་རན་ལ་དྲྭ་རྒོལ་ཐེངས་ཞིག་བྱས་པར། ཨི་རན་གྱི་དྲྭ་རྒོལ་གྱིས་དེར་ལན་བསླགས་ཀྱང་ལེགས་གྲུབ་བྱུང་མེད་ན་ཡང་། འཛམ་གླིང་ཐོག་དྲྭ་རྒོལ་གྱི་གྲུབ་འབྲས་ཚབས་ཆེན་ཡོང་སྲིད་པའི་འཇིགས་སྣང་བྱུང་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།