ཨི་རན་གྱི་རྩེད་འགྲན་པ་ཚོས་རྒྱལ་གླུ་གཏོང་མི་འདུག

ཟླ་འདིའི་ཚེས་༢༡ ཉིན་NDTV ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གྱི་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ལ་ཨི་རན་གྱི་ལས་འགུལ་བ་དང་རང་དབང་འཐབ་རྩོད་པ་དག་གིས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༠ ཉིན་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་༢༢ པ་དེ་ཉིད་ཨ་རབ་རྒྱལ་ཁབ་ཁཱ་ཊར་དུ་འགོ་བཙུགས་བྱས་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ནང་དུ་རུ་ཁག་༣༢ མཉམ་ཞུགས་བྱས་ཡོད་འདུག

ཨི་རན་གྱི་ལས་འགུལ་བ་མྰ་སི་(Masih Alinejad) ཡིས་ཨི་རན་གྱིས་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གིས་ཨི་རན་གྱི་སྲིད་གཞུང་ལས་མི་མང་གི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་པ་དང་། འཛམ་གླིང་འདིའི་ཐོག་སོ་སོའི་རྒྱལ་ཁབ་ཀྱི་རྩེད་འགྲན་པ་དག་རྩེད་མོ་ལས་ཕམ་ན་སེམས་མཁན་ནི་ཨི་རན་གྱི་མི་མང་ཁོ་ན་རེད་ཅེས་དང་། དེ་བཞིན་ཁོང་གིས་རང་དབང་དང་ཆེ་མཐོང་གི་དོན་དུ་ངོ་རྒོལ་བྱེད་མཁན་ཨི་རན་བ་ཚོ་དམར་གསོད་གཏོང་བཞིན་ཡོད་པས་ངས་ནི་ཁོང་ཚོ་རྒྱལ་ཁ་ཐོབ་རྒྱུ་ལ་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་འདུག

ཡིན་ན་ཡང་། ཟླ་འདིའི་ཚེས་༢༡ ཉིན་ཨི་རན་གྱི་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དང་ཨིན་ཡུལ་གྱི་རྒྱལ་ཡོངས་རྐང་སྤོལ་རུ་ཁག་བར་རྐང་རྩེད་སྤོལ་ལོ་འགྲན་བསྡུར་བྱས་ཡོད་པ་དང་། འགྲན་བསྡུར་འགོ་འཛུགས་མ་བྱས་གོང་དུ་རྒྱལ་ཁབ་སོ་སོའི་རྒྱལ་གླུ་གཏོང་སྲོལ་ཡོད་ཀྱང། སྐབས་དེར་ཨི་རན་གྱི་རྩེད་འགྲན་པ་ཚོས་ངག་བཅད་ཀྱིས་རྒྱལ་གླུ་གཏོང་མེད་པའི་གནས་ཚུལ་ཐོན་འདུག རྩེད་འགྲན་པ་རྣམས་ཀྱིས་རྒྱལ་གླུ་མི་བཏང་བ་ནི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་རེད་ཅེས་བརྗོད་བཞིན་འདུག

ལོ་འདིའི་ཟླ་༩ པའི་ཚེས་༡༣ ཉིན་ཨི་རན་གྱི་རྒྱལ་ས་ཊེ་རན་ནང་དུ། རང་ལོ་༢༢ ཡིན་པའི་བུད་མེད་གཅིག་གིས་མགོ་རས་གྱོན་མེད་པར་བརྟེན། བཟང་སྤྱོད་ཀྱི་ཉེན་རྟོག་རུ་ཁག་ཅེས་པའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཉིན་གསུམ་གྱི་རྗེས་སུ་སྨན་ཁང་དུ་འདས་གྲོངས་ཕྱིན་ཡོད། དུས་དེ་ནས་བཟུང་ད་ལྟའི་བར་ཨི་རན་གྱི་ནང་མི་མང་གིས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་། ཨི་རན་སྲིད་གཞུང་གིས་ངོ་རྒོལ་ལས་འགུལ་བ་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་བར་ལས་འགུལ་བ་༤༠༠ ལྷག་གིས་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply