ཨི་རན་གྱི་སྲིད་འཛིན་གསར་པས་ཨི་རན་ནང་གི་ཁྲིམས་དང་ཕྱི་འབྲེལ་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་འདོད་མོས་ཡོད་པར་བརྗོད།
ཟླ་འདིའི་ཚེས་༧ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གྱི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད། བཅོས་བསྒྱུར་རིང་ལུགས་ཀྱི་འོས་མི་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་གིས་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་མགོ་རས་བཅའ་ཁྲིམས་མཚམས་འཇོག་དང་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་གྲོས་མོལ་ཡོང་ཐབས་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། ཨི་རན་གྱི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཞིང་། ཐེངས་འདིའི་སྲིད་འཛིན་གྱི་འོས་མིའི་ནང་མཉམ་ཞུགས་བྱེད་མཁན་ཨི་རན་གྱི་འཕྲོད་བསྟེན་བློན་ཆེན་ཟུར་པ་དང་བསམ་བློ་ཅུང་ཙམ་གུ་ཡངས་ལྡན་པའི་(Masoud Pezeshkian) ་དང་། ཁོང་གི་ཁ་གཏད་དུ་ཕྱི་ལོ་༢༠༠༥ ནས་༢༠༠༧ བར་ཨི་རན་གྱི་ཕྱི་འབྲེལ་བློ་ཆེན་གཞོན་པ་བྱས་མྱོང་མཁན་དང་རྙིང་ཞེན་ཤོག་ཁག་གི་འོས་མི་(Saeed Jalili) བར་འགྲན་རྩོད་ཀྱིས་ (Masoud Pezeshkian) ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་འདུག
ཟླ་བ་སྔོན་མའི་ཚེས་༢༨ ་ཉིན་ཨི་རན་གྱིས་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུ་རིམ་པ་དང་པོ་(First Round) ་བྱེད་པའི་སྐབས། འོས་འཕེན་མཁན་བརྒྱ་ཆ་༣༩.༩༣% ་མ་གཏོགས་བྱུང་མེད་ཅིང་། ཨི་རན་གྱི་ལོ་རྒྱུས་ཁྲོད་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་གྱི་གྲངས་ཚད་ཆེས་ཉུང་ཤོས་སུ་གྱུར་ཡོད་འདུག ལྷག་པར་དུ་སྲིད་འཛིན་གྱི་འོས་མིར་ལངས་མཁན་བཞི་བྱུང་ཡོད་ན་ཡང་། སྲིད་འཛིན་ཆགས་པར་འོས་གྲངས་ཉུང་མཐར་བརྒྱ་ཆ་༥༠% ་ལོན་དགོས་པ་ལྟར་གྲངས་ཚད་ལོན་མཁན་གཅིག་ཀྱང་བྱུང་མེད་པར་བརྟེན། ཟླ་འདིའི་ཚེས་༥ ་ཉིན་འོས་བསྡུ་རིམ་པ་གཉིས་པ་བྱེད་དགོས་བྱུང་ཡོད་འདུག ཕྱི་ལོ་༡༩༧༩ ལོར་ཁ་ཆེའི་གསར་བརྗེ་བྱུང་བ་ནས་བཟུང་ད་བར་ཨི་རན་གྱི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུ་ཐེངས་༡༤ བྱས་ཡོད་པའི་ཁྲོད་སྲིད་འཛིན་འོས་བསྡུའི་རིམ་པ་དང་པོའི་སྐབས་འོས་གྲངས་མ་ལོན་ཏེ་རིམ་པ་གཉིས་སམ་ཐེངས་གཉིས་བྱེད་དགོས་བྱུང་བ་ད་ཐེངས་དང་པོ་ཆགས་ཡོད་འདུག
ཨི་རན་གྱི་ནང་དུ་མི་འབོར་ས་ཡ་༨༦.༥% ་ཙམ་ཡོད་པའི་ཁྲོད་ནས་འོས་འཕེན་གྱི་ཡིན་ཞེས་བརྗོད་ནས་ཐོ་འགོད་བྱེད་མཁན་ས་ཡ་༦༡ ལྷག་བྱུང་ཡོད་པ་དང་། འོས་བསྡུའི་རིམ་པ་གཉིས་པའི་སྐབས་སུ་མི་འབོར་བརྒྱ་ཆ་༤༩.༦༨% ་ཀྱིས་འོས་འཕངས་ནས་འོས་བསྡུའི་རིམ་པ་དང་པོ་དང་བསྡུར་ན་འོས་འཕེན་མཁན་བརྒྱ་ཆ་༡༠% ་ཙམ་འཕར་ཡོད་འདུག
ཨི་རན་བ་འགའ་རེས་རྙིང་ཞེན་ཤོག་ཁག་དང་བཅོས་སྒྱུར་རིང་ལུགས་པ་ཅི་ཡིན་ཡང་། འགྱུར་བ་གཏོང་གི་རེད་བསམ་པའི་ཡིད་ཆེས་མེད་པ་དང་། མི་མང་པོས་འོས་བསྡུ་ལ་ངོ་རྒོལ་གྱིས་ཨི་རན་གྱི་མི་འབོར་བརྒྱ་ཆ་༥༠% ་འོས་འཕངས་མེད་པ་རེད་འདུག
འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྤེལ་བའི་རྗེས། རྙིང་ཞེན་ཤོག་ཁག་གི་སྲིད་འཛིན་འོས་མིས། མི་མང་གིས་འོས་འདེམས་བྱས་པའི་གང་ཟག་ལ་གུས་བརྩི་ཙམ་མ་ཟད། ཚང་མས་ནུས་པ་ཡོད་ཚད་བེད་སྤྱོད་བྱས་ནས་ཁོང་ལ་རྒྱབ་སྐྱོར་གྱིས་མདུན་སྐྱོད་བྱེད་དགོས་ཞེས་བརྗོད་འདུག
སྲིད་འཛིན་གསར་པས་ཁོང་ནི་ཨི་རན་མི་མང་ཡོངས་ཀྱི་སྲིད་འཛིན་ཞིག་བྱེད་རྒྱུ་དང་། ཨི་རན་ནང་སྤྱི་ཚོགས་དུམ་བུ་འགྲོ་བཞིན་ཡོད་པས་ཁོང་ནི་མི་མང་དང་གཞུང་བར་གྱི་ཟམ་པ་ཞིག་བྱེད་རྒྱུ་ཡིན་ཞེས་དང་། ཁས་ལེན་དམ་བཅར་བཞག་ཀྱང་དེ་དག་ལག་བསྟར་བྱས་མ་ཐུབ་པ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན་པས། ཁོང་གིས་འོས་བསྡུའི་སྐབས། མི་མང་ལ་དམ་བཅའ་རྫུན་མ་བཞག་མེད་པ་དང་རྫུན་ཡང་བཤད་མེད་ཅེས་བརྗོད་འདུག། འོས་བསྡུའི་དྲིལ་བསྒྲགས་བྱེད་པའི་སྐབས་སུ། སྲིད་འཛིན་འོས་མི་གཉིས་ཀས་ཉམས་རྒུད་དུ་འགྲོ་བཞིན་པའི་ཨི་རན་གྱི་དཔལ་འབྱོར་སླར་གསོ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་འགའ་རེས་སྲིད་འཛིན་གསར་པ་ལ་རྒྱལ་ཁ་ཐོབ་པ་དེས་ཨི་རན་བ་ཚོས་རྒྱལ་ནང་དང་ཕྱི་འབྲེལ་སྲིད་བྱུས་ལ་འགྱུར་ལྡོག་གཏོང་རྒྱུའི་འདོད་མོས་ཡོད་པ་མཚོན་པ་རེད་ཅེས་བརྗོད་འདུག
འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྤེལ་བའི་རྗེས། རྒྱ་དཀར་གྱི་སྲིད་བློན་མོ་དྷི་དང་ཨུ་རུ་སུ་དང་རྒྱ་ནག་གི་སྲིད་འཛིན་སོགས་ཀྱིས་འཚམས་འདྲི་ཞུས་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཚོ་ནས་འཚམས་འདྲི་ད་དུང་བསླེབས་མེད་པ་རེད་འདུག
ཨི་རན་གྱི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུ་ནི་ལོ་ངོ་ལྔ་རེའི་རྗེས་སུ་ཐེངས་རེ་བྱེད་སྲོལ་ཡོད་ཀྱང་། ཉེ་ཆར་ཨི་རན་གྱི་སྲིད་འཛིན་ཨི་རན་གྱི་བྱང་ཕྱོགས་སུ་ཕྱིན་ནས་ཚུར་ལོག་ཡོང་དུས། མཁའ་དབྱིངས་སུ་སྨུག་པ་འཐིབས་པའི་དབང་གིས་གནམ་གྲུ་བརྡབ་སྐྱོན་བྱུང་ནས་གནམ་གྲུའི་ནང་ཡོད་པའི་ཨི་རན་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་གཙོས་མི་དགུ་རྐྱེན་འདས་སུ་ཕྱིན་ཡོད་པར་བརྟེན། ཐེངས་འདིའི་འོས་བསྡུ་དེ་དུས་ཚོད་མ་བསླེབས་གོང་ནས་འོས་བསྡུ་བྱེད་དགོས་བྱུང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།