ཨི་རན་གྱིས་ཨ་རིར་གུན་གསབ་དགོས་སྐོར་བརྗོད་འདུག 

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་དུས་སྐབས་སུ། ཨ་རིས་ཨི་རན་དང་བཞག་པའི་རྡུལ་མཚོན་གྲོས་མཐུན་ནས་ཕྱིར་འཐེན་བྱས་ཏེ། དཔལ་འབྱོར་ཉེས་ཆད་བཏང་ཡོད་པ་དང་། དེང་གི་ཆར་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱི་སྲིད་གཞུང་གིས། རྡུལ་མཚོན་གྲོས་མཐུན་དེར་བསྐྱར་དུ་ཞུགས་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་བཞིན་ཡོད་པས། ཨི་རན་གྱིས་དེ་ལྟར་ཡོང་བར་གུན་གསབ་དགོས་སྐོར་བརྗོད་འདུག 

ཟླ་༢ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༩ ཉིན་ཨ་རིའི་སྲིད་གཞུང་གིས་གལ་ཏེ་ཨི་རན་གྱིས་རྡུལ་མཚོན་གྲོས་མཐུན་གྱི་ཆ་རྐྱེན་རྣམས་སྒྲུབ་ཚེ། གྲོས་མཐུན་དེར་བསྐྱར་དུ་ཞུགས་ཆེད་དུ་གྲོས་མོལ་བྱེད་འདོད་ཡོད་སྐོར་བརྗོད་འདུག་པས། ཚེས་༢༡ ཉིན་ཨི་རན་གྱིས་གནད་དོན་དེ་དང་འབྲེལ་ནས་ཊོམ་གྱིས་ཨི་རན་གྱི་དཔལ་འབྱོར་ལ་ཨ་སྒོར་ཁྲག་ཁྲིག་༡ གི་གནོད་སྐྱོན་བཏང་ཡོད་པས། གུན་གསབ་ཆེན་པོ་དགོས་སྐོར་བརྗོད་འདུག 

དེ་ཡང་ཕྱི་ལོ་༢༠༡༥ ལོར་ཨི་རན་རྒྱལ་ཁབ་ཀྱིས་རྡུལ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་ཡོང་ཆེད་དང་། དཀྱིལ་ཤར་ཡུལ་གྲུའི་ནང་མཚོན་ཆ་མཁོ་སྒྲུབ་ཀྱི་འགྲན་སྡུར་དང་དམག་འཁྲུག་གི་ཉེན་ཚབས་ཆུང་དུ་གཏོང་ཆེད། ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། འཇར་མན། རྒྱ་ནག ཨུ་རུ་སུ་བཅས་དང་ཨི་རན་བར་གྲོས་མཐུན་ཞིག་བཞག་ནས་མིང་རྟགས་བཀོད་ཡོད་པ་དང་། དེའི་ནང་ཨི་རན་གྱིས་ལོ་༡༥ བར་རྡུལ་མཚོན་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་དང་། རྡུལ་མཚོན་བཟོ་སྐྲུན་དགོས་མཁོ་ཆེ་བའི་གཏེར་ཁ་ཡུ་རན་ནེམ་གསོག་འཇོག་ཚད་བཀག་བཟོ་རྒྱུ་ཁས་ལེན་བྱེད་དགོས་པ་དང་། དེ་དང་བསྟུན་ནས་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང་། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་བདམས་ཐོན་བྱུང་བ་ནས་བཟུང་། གྲོས་མཐུན་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། དེ་བཟོ་བཅོས་མ་བྱས་ཚེ་ཨ་རི་ཕྱིར་འཐེན་བྱ་རྒྱུའི་སྡིགས་ར་ཐེངས་མང་བསྐུལ་ཡོད་པ་ལྟར། ཕྱི་ལོ་༢༠༡༨ ལོའི་ཟླ་༥ པའི་ཚེས་༨ ཉིན་སྲིད་འཛིན་ཊོམ་གྱིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རེ་སྐུལ་ལ་མ་ལྟོས་པར། ཨ་རི་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག དེའི་རྗེས་སུ་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱི་ཡོད་པ་མ་ཟད། ཨི་རན་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་འདུག 

ཟླ་༢ པའི་ཚེས་༢༡ ཉིན་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཛཱ་རཱི་ཧྥེ་ཡིས་བརྗོད་དོན་ལ། ཕྱི་ལོ་༢༠༡༥ ལོའི་རྡུལ་མཚོན་གྲོས་མཐུན་མ་བཞག་པའི་སྔོན་དུ་ཨི་རན་ལ་ཅ་དངོས་མི་འདྲ་བ་གྲངས་༨༠༠ ཡོད་པ་དང་། སྲིད་འཛིན་ཟུར་པ་ཊོམ་གྱིས་ཕྱི་ལོ་༢༠༡༨ ལོར་རྡུལ་མཚོན་གྲོས་མཐུན་ནས་ཕྱིར་འཐེན་བྱས་རྗེས། དེ་སྔོན་གྱི་ཉེས་ཆད་༨༠༠ ཡི་ཐོག་ཏུ་ཉེས་ཆད་གྲངས་གསར་པ་༨༠༠ ཁ་སྣོན་བྱས་རྐྱེན། ཨི་རན་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། དུས་སྐབས་དེའི་རིང་ཨི་རན་གྱི་གྲོགས་པོ་ཡག་ཤོས་གཉིས་ནི་རྒྱ་ནག་དང་ཨུ་རུ་སུ་ཡིན་པ་ལས། གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཡུ་རོབ་གྱི་རྒྱལ་ཁབ་རྣམས་ཀྱིས་དངོས་སུ་ཕན་ཐོགས་པའི་རོགས་པ་གང་ཡང་བྱས་མེད་ཚུལ་བརྗོད་འདུག དེ་བཞིན་ཁོང་གིས་གལ་ཏེ་ཨ་རིའི་སྲིད་གཞུང་གསར་པས་རྡུལ་མཚོན་གྲོས་མཐུན་ལ་བསྐྱར་དུ་ཞུགས་རྒྱུ་ཡིན་ཚེ། ཐོག་མར་དཔལ་འབྱོར་ཉེས་ཆད་དེ་དག་ཕྱིར་འཐེན་བྱེད་དགོས་པ་དང་། དེའི་རྗེས་སུ་ཨ་རི་གཞུང་དང་ཐུག་འཕྲད་ཀྱིས་ཊོམ་གྱི་ལས་ཡུན་སྐབས་སུ་དཔལ་འབྱོར་ལ་ཨ་སྒོར་ཁྲག་ཁྲིག་༡ གི་གནོད་སྐྱོན་ཆེན་པོ་བཏང་ཡོད་པས། དེའི་ཆེད་དུ་གུན་གསབ་དགོས་སྐོར་གྱི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གུན་གསབ་དེ་ཡང་རྒྱལ་ཁབ་དེའི་ནང་ཨ་རིས་མ་འཛུགས་བྱེད་པ་དང་། ཡང་ན་དངུལ་གྱི་གུན་གསབ་སྤྲོད་པ། ཡང་ན་མ་འོངས་པར་ཊོམ་གྱིས་བྱས་པ་ལྟར་མི་ཡོང་བའི་ཆེད་དུ། རྡུལ་མཚོན་གྲོས་མཐུན་ནས་ཕྱིར་འཐེན་བྱེད་རྒྱུ་མེད་པའི་ཐབས་ལམ་བཟོ་བ་སོགས་བྱེད་སྲིད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།