ཨི་རན་འགོ་ཁྲིད་མཐོ་ཤོས་ཀྱིས་ཨི་རན་ཤི་ནའང་གལ་མེད། འོན་ཀྱང་ཁ་ཆེའི་ཆོས་ལུགས་གནས་དགོས་ཞེས་བརྗོད།

ཉེ་ཆར་ཨི་སི་རེལ་གྱིས་ཨི་རན་ཐོག་གཏོར་རྒོལ་ཚབས་ཆེན་པོ་བྱས་ཡོད་པ་དང་། གཏོར་རྒོལ་བྱེད་དགོས་དོན་ནི་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་བཞིན་ཡོད་ཚུལ། རྡུལ་ཕྲན་མཚོན་ཆ་བཟོས་ན་ཨི་སི་རེལ་ལ་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཡིན་ཚུལ་བརྗོད་འདུག དེ་བཞིན་བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སའི་ལྟེ་གནས་ཁག་ལ་གཏོར་རྒོལ་བྱེད་རྒྱུར་བཀའ་བཏང་ནས། ཨ་རིའི་གནམ་དམག་གིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སའི་ལྟེ་གནས་ཁག་གསུམ་ལ་གཏོར་རྒོལ་བཏང་ཡོད་འདུག
ཕྱི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༡ ནང་ཌོ་ནལ་ཊོམ་ཨ་རིའི་སྲིད་འཛིན་དུ་ཆགས་ཡོད་པ་དང་། སྐབས་དེ་དུས་ཊོམ་གྱིས་ཁོང་ནི་འཛམ་གླིང་ནང་དམག་འཁྲུག་དང་འཁྲུག་རྩོད་རིགས་མེད་པ་བཟོ་མཁན་ཞིག་ཡིན་ཚུལ་བརྗོད་ཡོད་ཅིང་། སྲིད་འཛིན་ཟུར་པ་རྗོ་བྷ་ཌན་གྱི་དུས་སྐབས་སུ་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་བྱུང་བ་དང་། ཨི་སི་རེལ་དང་ཧ་མ་སིའི་བར་དམག་འཁྲུག་བྱུང་བ་སོགས་ཀྱིས་འཛམ་གླིང་ནང་ཞི་བདེ་མེད་པ་ནི་ཨ་རིའི་སྲིད་འཛིན་ཟུར་པ་ཡིས་འཇོན་མེད་ཚུལ་སོགས་ཀྱི་སྐྱོན་བརྗོད་ཐེངས་མང་བྱས་ཡོད་ཀྱང་། ད་ལྟ་ཊོམ་རང་ཉིད་ཀྱི་བཀའ་རྒྱའི་འོག་ཨི་སི་རེལ་དང་ཨི་རན་གཉིས་བར་གྱི་དམག་འཁྲུག་ཁྲོད་ཨ་རི་དངོས་སུ་ཚུད་ནས་དམག་འཁྲུག་རྒྱག་འགོ་བཙུགས་ཡོད་འདུག་ཅིང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་ནས་ཨི་རན་གཞུང་ལ་བདུན་ཕྲག་གཉིས་ཀྱི་དུས་ཚོད་སྤྲད་ནས་མ་འོངས་པར་རྡུལ་ཕྲན་མཚོན་ཆ་མི་བཟོ་རྒྱུ་ཁས་ལེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ཀྱང་། གཟའ་སྤེན་པའི་མཚན་མོར་སྲིད་འཛིན་ཊོམ་གྱིས་ཨ་རིའི་ངོས་ནས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སའི་ལྟེ་གནས་ཁག་གསུམ་ལ་གཏོར་རྒོལ་བཏང་ཟིན་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད་འདུག་ཅིང་། ཐེངས་འདིའི་ཨི་རན་ནང་གཏོར་རྒོལ་གྱི་བྱ་འགུལ་དེ་ཧ་ཅང་ལེགས་འགྲུབ་བྱུང་ཡོད་པ་དང་། བྱ་འགུལ་དེ་ལ་བརྟེན་ནས་འཛམ་གླིང་ནང་འཇིགས་སྐུལ་ཉུང་ཞིང་ཞི་བདེ་རྒྱུན་གནས་ཐུབ་རྒྱུ་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པར་བརྗོད་འདུག འོན་ཀྱང་། ཨི་རན་གྱིས་ཨ་རིའི་གཏོར་རྒོལ་དེའི་ཁྲོད་ཨི་རན་གྱི་གོ་མཚོན་རྣམས་ལ་གཏོར་སྐྱོན་ཆུང་ཆུང་ཞིག་ལས་ཕོག་མེད་པར་བརྗོད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་བདེ་སྲུང་བློན་ཆེན་གཉིས་ཀྱིས་ཨི་རན་ངོས་ནས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་འཇོག་མ་བྱས་ཚེ་མ་འོངས་པར་དེ་ལས་ཚབས་ཆེ་བའི་གཏོར་རྒོལ་དང་། གནོན་སྐྱོན་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་(António Guterres)ཡིས་ཨ་རིའི་གཏོར་རྒོལ་ལ་བརྟེན་ནས་དཀྱིལ་ཤར་ཡུལ་གྲུ་ཁུལ་དུ་རྩོད་རྙོག་གཞི་རྒྱ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དང་། དེ་ལས་གྲོས་མོལ་གྱི་ལམ་ནས་རྩོད་རྙོག་སེལ་དགོས་པར་བརྗོད་འདུག
སྲིད་འཛིན་ཊོམ་གྱི་བྱ་སྤྱོད་དེ་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་འགོ་ཁྲིད་དང་དཔོན་རིགས་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་འདུག་ལ། དམིགས་བསལ་དམངས་གཙོའི་རྒྱལ་ཁབ་དང་ཨ་རིའི་སྲིད་འཛིན་ཊོམ་གྱི་ཉེ་འཁོར་ལ་ཡོད་པའི་དཔོན་རིགས་སོགས་མང་པོ་ཞིག་གིས། འཛམ་གླིང་ནང་ཞི་བདེ་སྐྲུན་མཁན་ཡིན་ཞེས་བརྗོད་མཁན་ཞིག་གིས་ཚབས་ཆེ་བའི་དམག་འཁྲུག་ཅིག་འགོ་འཛུགས་བྱས་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ཨི་རན་གྱི་སྲིད་འཛིན( Masoud Pezeshkian)ཡིས་ཨི་རན་ངོས་ནས་དུས་རྟག་ཏུ་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་ཡིན་ཡང་། དེ་ལས་ལྡོག་སྟེ་ཨ་རིས་ཨི་རན་གྱིས་མགོ་བཏགས་ཞུ་བའམ་མགོ་སྒུར་དགོས་པའི་དགོས་འདུན་འདོན་གྱི་ཡོད་ཅེས་བརྗོད་འདུག ཨི་སི་རེལ་གྱི་སྲིད་འཛིན་གྱིས་ཨ་རིའི་སྲིད་འཛིན་ཊོམ་དང་ང་གཉིས་ཀྱིས་དུས་རྟག་ཏུ་ཞི་བདེ་ནི་སྟོབས་ཤུགས་ཀྱི་ཁྲོད་ནས་ཡོང་དགོས་པར་བརྟེན། དོ་ནུབ་ཨ་རིའི་སྟོབས་ཤུགས་ཆེན་པོ་ཞིག་མངོན་ཡོད་པ་རེད་ཅེས་བརྗོད་འདུག དེ་བཞིན་དབྱིན་ཡུལ་དང་། ཧྥ་རན་སི། ཇར་མི་ནི་བཅས་ཀྱི་འགོ་ཁྲིད་ཚོས་ཨི་རན་ངོས་ནས་གྲོས་མོལ་གྱི་ལམ་ནས་རྡུལ་ཕྲན་མཚོན་ཆ་བཟོ་མཚམས་འཇོག་རྒྱུ་གལ་ཆེ་ཡིན་པ་དང་། མ་འོངས་པར་དམག་འཁྲུག་དེ་གཞི་རྒྱ་ཆེ་རུ་ཕྱིན་ནས་ས་ཁུལ་དེ་དག་གི་ནང་ཉེན་ཁ་ཆེན་པོ་ཆགས་སྲིད་པའི་
གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག འོན་ཀྱང་། དེ་ལས་ལྡོག་སྟེ་ཨི་རན་གྱི་འགོ་ཁྲིད་མཐོ་ཤོས་(Ayatollah Ali khamenei)ཟེར་བ་དེས་ཨི་རན་ཤི་ནའང་གལ་ཡོད་མ་རེད། འོན་ཀྱང་། ཁ་ཆེའི་ཆོས་ལུགས་གནས་དགོས་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།