ཨི་སི་རཱལ་གྱིས་གྷ་ཛ་ནང་མི་རིགས་སྡེབ་གསོད་བྱེད་བཞིན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་འདུག
ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཨི་སི་རཱལ་གྱིས་ས་ཐོག་ཏུ་ཧ་མ་སིའི་དྲག་སྤྱོད་པས་ཨི་སི་རཱལ་གྱི་མི་མང་གི་རོལ་དབྱངས་འདུ་འཛོམས་ཐོག་རྒོལ་རྡུང་བཏང་ནས་མི་མང་སྟོང་ཕྲག་གཅིག་ཙམ་བསད་ཡོད་ཅིང་། མི་༢༠༠ ཙམ་བཙན་ཁྲིད་བྱས་པ་ནས་བཟུང་། ཨི་སི་རཱལ་གྱིས་གྷ་ཛ་ནང་ད་བར་རྒོལ་རྡུང་དྲག་པོ་བཏང་དང་གཏོང་བཞིན་ཡོད་པ་དང་། ད་ཆར་ཨི་སི་རཱལ་གྱིས་གྷ་ཛ་ནང་ཕྱི་ཕྱོགས་ནས་རོགས་སྐྱོར་འབྱོར་བ་དག་བཀག་འགོག་བྱས་ནས་མི་མང་ཉམ་ཆུང་ཁྲི་ཚོ་མང་པོའི་ཁྲོད་མུ་གེ་ཡོང་རྒྱུའི་ཉེན་ཁ་ཡོད་པ་བརྗོད་འདུག་ལ། དེ་བཞིན་ཨི་སི་རཱལ་གྱིས་གྷ་ཛ་ནང་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་འདུག
ཕྱི་ཚེས་༡༤ ཉིན་རྒྱ་གར་གྱི་ཝི་ཨོན་(Woin)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་ཕུར་བུའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ཨི་སི་རཱལ་གྱིས་གྷ་ཛ་ནང་ཧ་མ་སིའི་དྲག་སྤྱོད་པ་ཚོར་རྒོལ་རྡུང་གཏོང་བཞིན་པའི་བྱ་སྤྱོད་ཁྲོད། པེ་ལེ་སི་ཐན་གྱི་མི་མང་ཚོ་མུག་ཤི་ཐེབས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་སྐྱོན་བརྗོད་བྱས་འདུག དེ་བཞིན་ཨི་སི་རཱལ་གྱིས་ད་ཆར་གྷ་ཛ་ནང་མུ་གེ་དམག་འཁྲུག་ཁྲོད་བེད་སྤྱོད་བྱས་ནས་མི་རིགས་སྡེབ་གསོད་བྱེད་བཞིན་ཡོད་ཚུལ་གྱི་སྐྱོན་བརྗོད་དྲག་པོ་བྱས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་ཞིག་གིས་ད་ལྟ་གྷ་ཛ་ལུང་གཤོངས་ཁྲོད་ཀྱི་གནས་སྟངས་ནི་ཧ་ཅང་གི་བསམ་ཡུལ་ལས་འདས་པའི་སྐྱོ་པོར་གྱུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་མང་རོགས་སྐྱོར་ཆེད་དུ་ཟ་འབྲུ་བཏང་ཡང་ཨི་སི་རཱལ་གྱི་དམག་གིས་གཏོར་རྒོལ་བཏང་ནས་དེ་དག་མི་མང་གི་ལག་ཏུ་འབྱོར་གྱི་མེད་པར་སྐྱོན་བརྗོད་བྱས་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཁང་ངོས་ནས་གྷ་ཛ་ནང་གི་གནས་སྟངས་སྐོར་རྟོག་ཞིབ་ནན་ཏན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག རྒྱུ་མཚན་ནི་ཨི་སི་རཱལ་གྱིས་བསམ་བཞིན་དུ་གྷ་ཛ་ནང་མི་མང་མུ་ཤི་ཐེབས་འཇུག་བཞིན་ཡོད་ཅིང་། མི་མང་ཉམ་ཆུང་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་འཕྲོག་བཞིན་ཡོད་པ་བརྗོད་འདུག
ཨི་སི་རཱལ་གྱིས་གྷ་ཛ་ནང་གི་བྱ་སྤྱོད་དེ་ནི་མི་རིགས་སྡེབ་གསོད་དམ་མི་རིགས་རྩ་མེད་བཟོ་རྒྱུའི་ཆ་རྐྱེན་ཚང་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག རྒྱུ་མཚན་ནི་གྷ་ཛ་ནང་ཡོད་པའི་པེ་ལེ་སི་ཐན་གྱི་མི་མང་ཚོ་ད་ཆར་གཞི་རྩའི་འགྲོ་བ་མིའི་དགོས་མཁོ་རྣམས་རག་གི་མེད་པ་དང་། མུ་གེ་དམག་འཁྲུག་ཁྲོད་བེད་སྤྱོད་ནས་པེ་ལེ་སི་ཐན་གྱི་མི་མང་ཚོར་ཨི་སི་རཱལ་གྱིས་ཉེས་ཆད་གཅོད་ཀྱི་ཡོད་པའི་དཔང་རྟགས་རྙེད་ཡོད་པ་བརྗོད་འདུག མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་དུས་ཡུན་རིང་པོ་ནས་བྱང་གྷ་ཛ་ས་ཁུལ་ནང་ཞིབ་འཇུག་བྱེད་སྐབས་ཤེས་རྟོགས་བྱུང་བ་ཞིག་ལ། ཨི་སི་རཱལ་གྱིས་ས་ཁུལ་དེ་དག་ནང་འབམ་གཡུགས་ནས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་ཅིང་། མ་འོངས་པར་མི་མང་ཚོའི་འཕྲོད་བསྟེན་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་བརྗོད་འདུག
འདི་ལོའི་ཕྱི་ཟླ་༢ ནས་ཨི་སི་རཱལ་གྱིས་གྷ་ཛ་ནང་འབམ་ཊོན་ ༢༥༠༠༠ ཙམ་གཡུགས་ནས་འཐུང་ཆུ་དང་། ཟ་འབྲུ། གཞུང་ལམ། འཕྲོད་བསྟེན། ཁོར་ཡུག་སོགས་ཡོད་ཚད་ལ་གཏོར་སྐྱོན་ཚད་མེད་བཏང་ཡོད་ཅིང་། ཧ་མ་སིའི་འཕྲོད་བསྟེན་ལྷན་ཁང་ནས་གྲངས་ཐོ་བཏོན་པར་གཞིགས་ན། དམག་འཁྲུག་འགོ་འཛུགས་བྱས་པ་ནས་ད་བར་ཁྱོན་མི་གྲངས་༤༣༧༠༠ ཙམ་ཤི་རྨས་བྱུང་ཡོད་པ་བརྗོད་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མས་གང་མགྱོགས་ཐབས་ལམ་བཙལ་ནས་ཨི་སི་རཱལ་གྱི་བྱ་སྤྱོད་དེ་དག་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།