ཨི་སི་རིལ་དང་ཧ་མ་སིའི་དམག་འཁྲུག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚོའི་མཐུན་སྒྲིལ་ཉམས་དམས་སུ་འགྲོ་སྲིད་པར་བརྗོད།
ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དམག་དཔུང་གིས་ཨི་སི་རིིལ་ལ་གཏོར་རྒོལ་བྱས་ནས་ཉིན་བཞི་པ་དེ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཨི་སི་རིལ་གྱི་ས་ཐོག་ཏུ་ཧ་མ་སིའི་དམག་མིའི་ཕུང་པོ་༡༥༠༠ རྙེད་ཡོད་པ་དང་། ས་མཚམས་ཁུལ་གྱི་ས་ཆ་ཡོངས་རྫོགས་ཨི་སི་རིལ་གྱིས་ཕྱིར་བླངས་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔ་མའི་རེས་གཟའ་སྤེན་པའི་ཉིན་གྱི་ཞོགས་པ་ཚོུད་༦ ཙམ་ལ་ཧ་མ་སིའི་དམག་དཔུང་གིས་མེ་ཤུགས་འཕུར་མདའ་༥༠༠༠ ཙམ་གྱིས་ཨི་སི་རིལ་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ཏུ་གཏོར་རྒོལ་དང་བཙན་འཛུལ་བྱས་ཡོད་འདུག ད་བར་ཉིན་གསུམ་གྱི་རིང་ཕྱོགས་གཉིས་ཀྱི་དམག་འཁྲུག་ཁྲོད། ཨི་སི་རིལ་གྱི་མི་༧༠༠ ཚེ་སྲོག་ཤོར་ཞིང་མི་གྲངས་༢༡༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག དེ་བཞིན་ཧ་མ་སིའི་མི་གྲངས་༥༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་མི་གྲངས་༢༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སིས་མི་གྲངས་༡༠༠ ལྷག་འཛིན་བཟུང་གིས་གཏའ་མ་ལ་ཉར་ཡོད་པ་དང་མི་དེ་དག་གི་ཁྲོད་དུ་རྒྱལ་ཁབ་གཞན་གྱི་མི་སེར་ཡང་ཚུལ་ཡོད་པ་ཨི་སི་རིལ་གྱི་གཞུང་གིས་བརྗོད་ཡོད་འདུག
རེས་གཟའ་ཉི་མའི་ཉིན་ཨི་སི་རིལ་གཞུང་གིས་ཧ་མ་སིའི་ཐོག་ལ་དམག་རྒྱག་རྒྱུའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་ཨི་སི་རིལ་གྱི་བདེ་སྲུང་བློན་ཆེན་གྱིས་ཧ་མ་སིའི་དབང་བསྒྱུར་འོག་ཏུ་ཡོད་པའི་གྷ་རྫ་ས་ཁུལ་ཡོངས་རྫོགས་མཐའ་སྐོར་དགོས་པའི་བཀའ་ཕབ་ཡོད་པ་དང་། གལ་སྲིད་གྷ་རྫ་ས་ཁུལ་ཡོངས་རྫོགས་ཨི་སི་རིལ་དམག་དཔུང་གིས་མཐའ་བསྐོར་ཐུབ་ན། ཡུལ་དེར་ཡོད་པའི་མི་མང་ས་ཡ་༢.༣ ལ་གློག་དང་ཆུ། བཟའ་འབྲུ་དང་རྡོ་སྣུམ་སོགས་མེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན་འདུག
ཧ་མ་སི་དམག་དཔུང་གིས་གལ་སྲིད་ཨི་སི་རིལ་གྱིས་སྔོན་བརྡ་མེད་པའི་ཐོག་གྷ་རྫ་ལ་ཡོད་པའི་པ་ལི་སི་ཐན་གྱི་ཁྱིམ་ཚང་ལ་གཏོར་རྒོལ་བྱས་ཚེ། གཏོར་རྒོལ་རེ་རེ་བྱེད་དུས་ཧ་མ་སིའི་ལག་ཏུ་ཚུད་པའི་གཏའ་མི་རེ་རེ་སྲོག་ཐོག་གཏོང་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་ཡོད་འདུག
ཨི་སི་རིལ་གྱི་སྲིད་བློན་གྱིས་ཧ་མ་སི་དམག་དཔུང་ཐལ་རྡུལ་ལྟར་བཟོ་རྒྱུའི་ཁས་ལེན་བྱས་ཡོད་པར་ལྟར། ཁོང་གིས་གྷ་རྫ་མི་སེར་ཚོ་ཧ་མ་སི་དམག་དཔུང་དང་རྒྱང་ཐག་རིང་དུ་བསྡད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག
ཨི་སི་རིལ་དང་ཧ་མ་སི་གཉིས་ཀྱི་དམག་འཁྲུག་ནང་ཨ་རིའི་མི་སེར་༡༡ ་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་སེར་ཡིན་པ་མི་གྲངས་༢༠ ཡི་ཚེ་སྲོག་ཤོར་ཡོད་པ་མ་ཟད། མི་མང་པོ་གར་སོང་ཆ་མེད་དུ་འགྱུར་བཞིན་འདུག
གཞན་ཡང་ཕྱི་ལོ་༢༠༢༡ ལོར་འབར་མའི་དཀའ་རྙོག་གི་ཐོག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ལངས་ཕྱོགས་འཛིན་སྟངས་ཐ་དད་བྱུང་བའི་དབང་གིས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཆིག་སྒྲིལ་ལ་དོ་ཕོག་བྱུང་ཡོད་པ་ལྟར། ད་ལྟའི་ཆར་མ་ལི་ཤེ་ཡ་དང་ཧིན་རྡུ་ནི་ཤེ་ཡའི་ཁ་ཆེའི་ཆབ་སྲིད་པ་ཚོས་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་བཞིན་པ་དང་། སེང་གྷ་པུར་གྱིས་ཨི་སི་རིལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུག ཐེ་ལན་ཌི་དང་ཝེ་ཐེ་ནམ་གཉིས་ཀྱིས་ད་བར་ཕྱོགས་གང་ལ་ཡང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་མེད་པས་ཐེངས་འདིའི་དམག་འཁྲུག་གིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་ཉམས་དམས་སུ་གཏོང་སྲིད་པ་བརྗོད་བཞིན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།