ཨི་སི་རེལ་སྲུང་སྐྱོབ་ཆེད་དུ་ཨ་རིའི་དམག་མི་གཏོང་རྒྱུའི་གྲ་སྒྲིག་ཡོད་པར་བརྗོད།

Wion གསར་ལམ་གྱི་པར།

ད་ཆར་ཨི་སི་རེལ་ལ་ཨ་རབ་དྲག་པོའི་དཔུང་ཚོགས་ཚོས་དྲག་རྒོལ་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག་པར་བརྟེན། ཨི་སི་རེལ་སྲུང་སྐྱོབ་ཆེད་དུ་ཨ་རིའི་དམག་མི་དང་གོ་མཚོན་གཏོང་རྒྱུའི་གྲ་སྒྲིག་ཡོད་པ་ཨ་རིའི་སྲིད་འཛིན་གྱིས་བརྗོད་ཡོད་འདུག

ཕྱི་ཚེས་༢ (Wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་ཨི་སི་རེལ་ལ་ད་ཆར་ཨ་རབ་ཡུལ་གྲུ་ཁག་གི་དྲག་པོའི་དཔུང་ཚོགས་པ་ལི་སི་ཐན་གྱི་(Hamas)་ཧ་མ་སི་དང་། ལི་བྷ་ནོའི་(Hezbollah)ཧེ་ཛི་བྷོ་ལི་ཧེ། ཡེ་མེན་གྱི་(Houthis)ཧུ་ཏེ་སོགས་ནས་དྲག་རྒོལ་བྱེད་རྒྱུའི་ཉེན་ཁ་ཧ་ཅང་གིས་ཆེན་པོ་ཡོད་པར་བརྟེན། ཨ་རིའི་ངོས་ནས་ཨི་སི་རེལ་སྲུང་སྐྱོབ་ཀྱི་ཆེད་དུ་ཨ་རིའི་དམག་མི་དང་མཐུན་འབྱོར་རོགས་རམ་བྱེད་རྒྱུའི་གྲ་སྒྲིག་ཡིན་པར་བརྗོད་འདུག་པ་དང་། གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་གྱིས་ཨི་སི་རེལ་གྱི་སྲིད་བློན་ལ་ཁ་པར་ཐོག་གྲོས་བསྡུར་བྱས་ཡོད་འདུག་ལ། སྐབས་དེ་དུས་ཇོ་བྷ་ཌན་གྱིས་ཨི་སི་རེལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་ཨ་རིའི་ངོས་ནས་དམག་མི་གཏོང་རྒྱུའི་གྲ་སྒྲིག་ཡོད་ཅེས་བརྗོད་ཡོད་འདུག དེ་རིང་བསྐྱར་དུ་ཨ་རིའི་སྲིད་འཛིན་གྱིས་ཨི་སི་རེལ་ལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཐད་རོགས་རམ་བྱེད་རྒྱུ་ཡིན་པར་ནན་བརྗོད་བྱས་ཡོད་འདུག དེ་བཞིན་ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་ཡིས། ཨི་སི་རེལ་གྱིས་ཨ་རབ་ཡུལ་གྲུ་ཁག་ནང་དམག་འཁྲུག་རྒྱ་ཁྱབ་མི་འགྲོ་བའི་ཆེད་དུ་འབད་བརྩོན་བྱེད་དགོས་པར་བརྗོད་ཡོད་འདུག ཨ་རིའི་སྲིད་འཛིན་གྱིས་ཨི་སི་རེལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་བཤད་ཡོད་པ་ལས། སྲུང་སྐྱོབ་ཆེད་དུ་གོ་མཚོན་ག་རེ་སྤྲོད་རྒྱུ་ཡིན་མིན་བརྗོད་ཡོད་མི་འདུག་ཀྱང་། ཚོད་དཔག་བྱེད་དོན་ལ་དམག་གི་གནམ་གྲུ་འཁུར་མཁན་གྱི་གྲུ་གཟིངས་དང་། གོ་མཚོན་མ་ལག་གཏོར་རྒོལ་བྱེད་ཀྱི་མཚོན་ཆ། གཞན་དམག་གྲུ་སོགས་མཚོ་དམར་པོའི་ཉེ་འཁོར་དུ་སྒྲིག་འཇོག་བྱེད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག 

ཨ་རིས་སེམས་ཁྲལ་ཆེ་ཤོས་བྱེད་ས་གཅིག་ནི། ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་(Ayatollah Ali Khamenei)ཡིས་ཨི་རན་གྱི་ས་ཐོག་ཏུ་ཧ་མ་སིའི་འགོ་ཁྲིད་བསད་ནས་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་སྤེལ་ཡོད་པ་དང་། ང་ཚོའི་མགྲོན་པོ་ལྐོག་གསོད་བཏང་བ་ནི་བཟོད་ཐབས་མེད་པའི་ཁྲིམས་འགལ་ཡིན་པས། ཨི་རན་གྱི་ངོས་ནས་ཐད་ཀར་ཨི་སི་རེལ་ལ་རྒོལ་ལན་སློག་དགོས་པའི་བཀའ་བཏང་ཟིན་པ་ཡིན་འདུག ད་ཆར་ཨི་སི་རེལ་གྱིས་ཧ་མ་སིའི་འགོ་ཁྲིད་བསད་ཡིན་མིན་གང་ཡང་བཤད་ཡོད་མི་འདུག་ཀྱང་། ཧ་མ་སི་དང་ཨི་རིན་གཉིས་ཀྱིས་ཧ་མ་སིའི་འགོ་ཁྲིད་གསོད་མཁན་ཨི་སི་རེལ་ཡིན་པར་རྗོད་ཀྱི་ཡོད་འདུག ཨི་སི་རེལ་སྲིད་བློན་གྱིས་ཨི་སི་རེལ་གྱི་དམག་མི་དང་རྒྱལ་སྲུང་སྡེ་ཚན་ཚོས་ངེས་པར་དུ་བློ་རིག་གྲུང་པོའི་ཐོག་ནས་འདུག་དགོས་པར་བརྗོད་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།