ཨི་སེ་རེལ་དང་ཧ་མ་སིའི་དམག་འཁྲུག་གིས་གྷ་རྫའི་མི་འབོར་བརྒྱ་ཆ་༨༠% གནས་སྤོ་དགོས་བྱུང་།
ཟླ་བ་༡ ཚེས་༣༡ ་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དང་ཨི་སེ་རེལ་གྱི་དམག་འཁྲུག་ཁྲོད་ད་བར་གྷ་རྫའི་ནང་གི་ཁང་པ་བརྒྱ་ཆ་༥༠% ལྷག་ལ་གཏོར་བཤིག་ཐེབས་ཡོད་པ་དང་། གྷ་རྫའི་ནང་གི་མི་འབོར་བརྒྱ་ཆ་༨༠% ་ལྷག་རང་ཁྱིམ་དོར་ནས་ས་གནས་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

སྔ་ལོའི་ཕྱི་ཟླ་༡༠ པའི་ནང་། ཧ་མ་སི་དང་ཨི་སེ་རེལ་བར་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་ད་བར་ཨི་སེ་རེལ་གྱིས་ཧ་མ་སིའི་བཅའ་སྡོད་བྱེད་ས་གྷ་རྫ་ལ་གནམ་མཚོ་ས་གསུམ་ནས་གཏོར་རྒོལ་བྱས་ཏེ་སློབ་གྲྭ་དང་སྨན་ཁང་། སྡོད་ཁང་དང་ས་ཞིང་སོགས་ལ་གཏོར་སྐྱོན་ཤུགས་ཆེན་བཏང་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཐོ་ལྟར་ན། ཨི་སེ་རེལ་གྱིས་གཏོར་རྒོལ་བྱས་པར་བརྟེན། གྷ་རྫའི་ནང་གི་མི་གྲངས་ས་ཡ་༡.༧ ་ཙམ་རང་ཁྱིམ་དོར་ནས་ས་གནས་གཞན་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། གྲངས་འབོར་དེ་ནི་གྷ་རྫའི་མི་འབོར་གྱི་བརྒྱ་ཆ་༨༠% ་ལྷག་ཟིན་གྱི་ཡོད་འདུག

གཞན་ཡང་བྷི་བྷི་སིའི་གསར་ཁང་གིས་དབྱེ་ཞིབ་བྱས་པའི་སྙན་ཐོ་ལྟར་ན། ད་བར་གྷ་རྫའི་ཁྱོན་ཡོངས་ལ་ཁང་པ་༡༤༤,༠༠༠ ནས་༡༧༥,༠༠༠ ་བར་གཏོར་བརླག་ཕྱིན་ཡོད་པ་དང་། གྲངས་འབོར་དེ་ནི་གྷ་རྫའི་ནང་གི་ཁང་པའི་བརྒྱ་ཆ་༥༠% ནས་༦༡% བར་ཟིན་ཡོད་འདུག
ལྷག་པར་དུ་ཉེ་བའི་ཆར་གྷ་ཛའི་ལྷོ་ཕྱོགས་ས་ཁུལ་ཁན་ཡུ་ནེ་སི་(Khan Younis) ་གྲོང་ཁྱེར་ནང་གཏོར་རྒོལ་ཚབས་ཆེན་ཕོག་ནས་ཁང་པ་༣༨,༠༠༠ ་ལྷག་ལ་གཏོར་སྐྱོན་ཕོག་ཡོད་པ་མ་ཟད། བདུན་ཕྲག་གཉིས་ནང་ཁང་པ་༡,༥༠༠ ལྷག་གཏོར་བཤིག་བཏང་ཡོད་འདུག
དེ་བཞིན་གྷ་རྫའི་ནང་ལོ་རྒྱུས་ཤུལ་བཞག་མང་པོ་ཞིག་ལ་གཏོར་སྐྱོན་ཆེན་པོ་ཕོག་ཅིང་། དུས་རབས་བདུན་པའི་ནང་འཛུགས་བསྐྲུན་བྱས་པའི་ཨོལ་ཨོ་མ་རི་(Omari Mosque) ་ཞེས་པའི་ལྷ་ཁང་ཞིག་ལ་གཏོར་སྐྱོན་ཕོག་ཡོད་པ་དང་། ཨི་སེ་རེལ་གྱིས་ཧ་མ་སི་ལ་རྒོལ་ལན་སློག་པའི་སྐབས། གྷ་རྫའི་བྱང་ཕྱོགས་དང་དབུས་ཁུལ་དུ་ཡོད་མཁན་ཚོ་བདེ་འཇགས་ཀྱི་དོན་དུ་གྷ་རྫའི་ལྷོ་ཕྱོགས་སུ་གནས་སྤོ་དགོས་པ་བརྗོད་ཡོད་པར་བརྟེན། ད་ལྟའི་ཆར་མི་མང་ཁྲི་ཚོ་མང་པོ་རཱ་ཧྥ་(Rafah) ་ཞེས་པའི་ས་གནས་སུ་འབྱོར་ཞིང་། ངེས་གཏན་མེད་པའི་འཚོ་བར་རོལ་བཞིན་ཡོད་འདུག
ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སེ་རེལ་གྱིས་གྷ་རྫ་ལ་གནམ་ས་གཉིས་ནས་གཏོར་རྒོལ་བྱས་ནས་ད་བར་ཉུང་མཐར་མི་གྲངས་༢༦,༩༠༠ བསད་ཡོད་པ་དང་། མི་མགོ་༦༥,༩༤༩ ཙམ་རྨས་ཡོད་པ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།