ཨིན་ཌོ་ནི་ཤི་ཡར་ས་ཡོམ་བརྒྱབ་ནས་ཉུང་མཐར་མི་གྲངས་༢༨༦ གྲོངས་ཡོད་འདུག 

ཨིན་ཌོ་ནི་ཤི་ཡར་ས་ཡོམ་ཤུགས་ཆེན་ཞིག་བརྒྱབ་ནས་ཉིན་ཤས་འགྲོ་བཞིན་ཡོད་ཀྱང་། ད་དུང་ཡང་རྗེས་ཡོམ་མང་པོ་ཞིག་བརྒྱབ་བཞིན་འདུག་པ་དང་། རང་བྱུང་གི་གནོད་འཚེ་དེའི་ཁྲོད་བྱིས་པ་མང་པོ་ཞིག་གྲོངས་ཡོད་པ་རེད་འདུག 

དེ་ཡང་ཟླ་༡༡ པའི་ཚེས་༢༡ ཉིན་གྱི་ཉིན་རྒྱབ་ཏུ་ཨིན་ཌོ་ནི་ཤི་ཡའི་ནུབ་ཇཱ་ཝ་མངའ་སྡེར་ས་ཡོམ་ཤུགས་ཚད་༥.༦ དང་གཏིང་ཚད་སྤྱི་ལེ་༡༠ ཅན་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པ་རེད་འདུག ཁུལ་དེའི་རི་སྒང་དུ་གནས་པའི་གྲོང་གསེབ་ཁག་ཏུ་གནོད་སྐྱོན་ཆེན་པོ་བྱུང་ཡོད་ཁར། ས་ཡོམ་ལ་བརྟེན་ནས་ས་རུད་བྱུང་ནས་རིའི་སྒང་གནས་པའི་གྲོང་གསེབ་ཡོངས་སུ་རྫོགས་པ་སའི་འོག་ཏུ་སྦས་པ་དེ་འདྲ་ཡང་བྱུང་འདུག 

ཚེས་༢༣ ཉིན་ཏེ་ས་ཡོམ་བརྒྱབ་ནས་ཉིན་གྲངས་གསུམ་འགྲོ་བཞིན་ཡོད་ཀྱང་། ད་དུང་ཡང་རྗེས་ཡོམ་ཆུང་ཆུང་མང་པོ་ཞིག་བརྒྱབ་བཞིན་ཡོད་འདུག་པས། དེ་ལ་བརྟེན་ནས་མྱུར་སྐྱོབ་ཀྱི་ལས་དོན་ལ་བར་ཆད་ཆེན་པོ་བཟོ་བཞིན་འདུག ད་ལྟ་བར་དུ་རྗེས་ཡོམ་༡༠༠༠ ལས་མང་བ་བརྒྱབ་འདུག་པ་དང་། ཚེས་༢༥ ཉིན་རྗེས་ཡོམ་རྒྱག་རྒྱུ་མཚམས་ཆད་རྒྱུར་རེ་བ་བྱེད་བཞིན་འདུག 

དེ་ཡང་ས་ཡོམ་བརྒྱབ་པའི་དུས་ཚོད་དེར་སློབ་གྲྭ་འཚོགས་བཞིན་ཡོད་འདུག་པས། བྱིས་པ་རྣམས་སློབ་གྲྭར་ཡོད་རྐྱེན། ས་ཡོམ་ཁྲོད་གྲོངས་མཁན་མང་པོ་ཞིག་བྱིས་པ་ཡིན་འདུག ཁུལ་དེའི་སློབ་གྲྭ་༨༠ ཙམ་ལ་ས་ཡོམ་གྱི་གནོད་སྐྱོན་ཕོག་ཡོད་འདུག ཚེས་༢༣ བར་འདས་གྲོངས་སོང་བ་ཉུང་མཐར་༢༦༨ དང་མི་གྲངས་༡༥༡ ད་དུང་ཡང་རྙེད་སོན་བྱུང་མེད་འདུག རྨས་སྐྱོན་འཕོག་མཁན་གྲངས་༡༠༠༠ ལས་མང་བ་ཡོད་འདུག 

ད་ལྟའི་ཆར་རིའི་སྒང་དུ་གནས་མཁན་གྱི་ས་གནས་ཁག་ཏུ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་འདུག 

ཨིན་ཌོ་ནི་ཤི་ཡའི་སྲིད་འཛིན་རྗོ་ཀོ་ཝི་ཌོ་ཌོ་ས་གནས་སུ་ཕེབས་ནས། ལས་དོན་གལ་ཆེ་ཤོས་ནི་ས་རོ་རྡོ་རོའི་འོག་ཏུ་ལྷག་ཡོད་པའི་མི་རྣམས་མྱུར་སྐྱོབ་བྱེད་རྒྱུ་དེ་ཡིན་པའི་བཀོད་ཁྱབ་བཏང་འདུག་པ་དང་། དེ་བཞིན་གནོད་སྐྱོན་འཕོག་མཁན་རྣམས་ལ་གུན་གསབ་སྤྲོད་རྒྱུ་མ་ཟད། ཁང་པ་གཏོར་སྐྱོན་བྱུང་བ་རྣམས་ལ་གཞུང་གིས་ཉམས་བཟོ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

ཨིན་ཌོ་ནི་ཤི་ཡ་ནི་ས་ཡོམ་མང་པོ་རྒྱག་ཡུལ་ཞིག་ཡིན་འདུག་པ་དང་། ས་ཡོམ་ལ་བརྟེན་ནས་ས་རུད་དང་མཚོ་རླུང་སོགས་ཀྱི་གནོད་འཚེ་ཡང་མང་པོ་འབྱུང་གི་ཡོད་འདུག ཕྱི་ལོ་༢༠༡༨ ལོར་རྒྱལ་ཁབ་དེའི་གླིང་ཕྲན་སུ་ལཱ་ཝེ་སི་ཞེས་པ་དེར་ས་ཡོམ་བརྒྱབ་ནས་མི་གྲངས་༢༠༠༠ ལས་མང་བ་གྲོངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply