ཨུ་དམག་གི་ཐོག་རྒྱ་གར་གྱིས་བཤད་པ་དང་ལག་ལེན་གཉིས་མཐུན་གྱི་མེད།
ཟླ་འདིའི་ཚེས་༤ ཉིན་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱིས་ངག་ཐོག་ནས་ཨུ་རུ་སུའི་དམག་འཁྲུག་ལ་རྒྱབ་འགལ་བྱེད་ཀྱི་ཡོད་ཀྱང་དོན་དངོས་ལག་ལེན་གྱི་ཐོག་ཨུ་རུ་སུའི་དམག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རབས་བརྗོད་འདུག
ཟླ་སྔོན་མའི་ནང་དུ་རྒྱ་གར་གྱི་སྲིད་བློན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་མཇལ་འཕྲད་གནང་བའི་སྐབས་སུ་རྒྱ་གར་གྱི་སྲིད་བློན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་ད་ལྟའི་དུས་རབས་འདི་ནི་དམག་འཁྲུག་གི་དུས་རབས་ཤིག་མ་རེད་ཅེས་བརྗོད་ཡོད་པ་དང་། སྐབས་དེ་ཧྥ་རན་སིའི་སྲིད་འཛིན་དང་ཨ་རི་ཕོ་བྲང་དཀར་པོ་སོགས་ཀྱིས་རྒྱ་གར་གྱི་སྲིད་བློན་གྱི་སྐད་ཆ་དེ་ལ་བསྔགས་བརྗོད་བྱས་ཡོད། ཡིན་ན་ཡང་གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་ན། ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་གི་ཐོག་ལ་འཛིན་པའི་རྒྱ་གར་གྱི་ལམ་ཕྱོགས་ལ་ད་དུང་འགྱུར་བ་ཕྱིན་མེད་རབས་བརྗོད་བཞིན་ཡོད་འདུག
ཨུ་རུ་སུ་དང་ཡུག་རེན་གྱི་བར་དུ་དམག་འཁྲུག་ལངས་པ་ནས་བཟུང་། རྒྱ་གར་གྱིས་ཨུ་རུ་སུ་དང་དཔལ་འབྱོར་གྱི་འབྲེལ་ལམ་བཅད་རྒྱུའི་ཚབ་ཏུ། རྒྱ་གར་གཞུང་གིས་ནུབ་ཕྱོགས་པ་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དེ་དག་སྣང་མེད་དུ་བཏང་ནས་ཨུ་རུ་སུའི་རྩ་ནས་སྣུམ་དང་རྫས་ལུད་དང་རྡོ་སོལ་སོགས་ཉོ་རྒྱུ་མང་དུ་བཏང་ཡོད་པ་དང་། དེ་ཡིས་ཨུ་རུ་སུའི་དམག་ལ་དཔལ་འབྱོར་གྱི་ཐོག་ནས་རང་བཞིན་གྱི་ཕན་ཐོགས་བྱུང་ཡོད་རབས་དང་།
འདས་པའི་ཟླ་བ་ཁ་ཤས་ཀྱི་སྔོན་དུ་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་ཨུ་རུ་སུ་ལ་ཉེས་འཛུགས་བྱེད་རྒྱུ་ལ་རྒྱབ་སྐྱོར་བྱས་མེད་པ་དང་། ཕྱི་ཟླ་བརྒྱད་པའི་ནང་དུ་ཨུ་རུ་སུས་གོ་སྒྲིག་བྱས་པའི་དམག་སྦྱོང་གི་ནང་དུ་ཡང་རྒྱ་གར་མཉམ་ཞུགས་བྱས་ཡོད། ལྷག་པར་དུ་ཉེ་ཆར་ཨུ་རུ་སུ་ཡིས་ཡུག་རེན་གྱི་ས་ཁུལ་བཞིའི་ནང་དུ་མང་མོས་འོས་བསྡུ་ཞིག་བྱས་ཡོད་པ་དང་། མང་མོས་འོས་བསྡུ་དེ་ནི་ཁྲིམས་འགལ་ཡིན་རབས་དང་དེ་ལ་སྐྱོན་བརྗོད་ཀྱི་དོན་དུ་ཨ་རི་དང་ཨལ་བྷ་ནི་ཡ་གཉིས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་གྲོས་ཆོད་ཅིག་བཏོན་ཡོད་ཀྱང་། སྐབས་དེར་རྒྱ་གར་དང་བྷར་ཛིལ། རྒྱ་ནག་དང་གྷ་བྷོན་བཅས་རྒྱལ་ཁབ་བཞི་ཡིས་གྲོས་ཆོད་དེ་ལ་རྒྱབ་སྐྱོར་བྱས་མེད་པ་སོགས་ལ་བརྟེན། རྒྱ་གར་གྱིས་ངག་ཐོག་ནས་ཨུ་རུ་སུ་དང་རྒྱང་ཐག་རིང་དུ་སྡོད་བཞིན་པའི་རྣམ་པ་སྟོན་པ་ཙམ་ལས་དོན་དུ་རྒྱ་གར་གྱིས་ཨུ་རུ་སུ་དང་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད་རབས་བརྗོད་འདུག
ལོ་སྔོན་མའི་ཕྱི་ཟླ་༡༢ ཀྱི་ནང་དུ་ཨུ་རུ་སུའི་དམག་དཔུང་དག་ཡུག་རེན་གྱི་ས་མཚམས་སུ་བསྡུ་རུབ་བྱེད་དུས་རྒྱ་གར་གྱིས་ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱི་ལོ་འཁོར་ལྷན་ཚོགས་སུ་ཨུ་རུ་སུའི་སྲིད་འཛིན་གདན་འདྲེན་ཞུས་ཡོད་འདུག་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ནི་གྲང་དམག་རྒྱག་པའི་དུས་ནས་འགོ་འཛུགས་བྱས་ཡོད་པ་དང་། རྒྱ་གར་གྱིས་ཨུ་རུ་སུའི་རྩ་ནས་མཚོན་ཆ་ཕོན་ཆེན་ཉོ་བཞིན་ཡོད་པ་དང་ལྷག་པར་དུ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བའི་སྐབས་སུ། རྒྱ་གར་གྱིས་ཨུ་རུ་སུ་དང་འབྲེལ་བ་ཉར་རྒྱུ་གལ་ཆེན་དུ་འགྱུར་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་ན། ཨུ་རུ་སུ་ཇི་ཙམ་ཁེར་རྐྱང་དུ་ལྷག་ན་དེ་ཙམ་གྱིས་རྒྱ་ནག་དང་ཐག་ཉེ་རུ་འགྲོ་སྲིད་པ་དང་དེའི་ཐོག་ལ་རྒྱ་གར་གྱིས་སེམས་འཚབ་བྱེད་བཞིན་ཡོད་རབས་བརྗོད་འདུག
རྒྱ་དཀར་ནག་གཉིས་ཀས་ཨུ་རུ་སུ་ཡིས་ཡུག་རེན་ལ་བཙན་འཛུལ་བྱས་པར་ཉེས་འཛུགས་བྱེད་ཀྱི་མེད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གིས་ཨ་རི་དང་བྱང་ཆིངས་རྩ་འཛུགས་དང་ཡུ་རོབ་བཅས་ལ་སྐྱོན་བརྗོད་བྱས་ཡོད་རབས་བརྗོད་འདུག རྒྱ་གར་གྱི་ས་མཚམས་སུ་ཉེན་ཁ་ཆེ་ཤོས་སྤྲོད་མཁན་ཞིག་ནི་རྒྱ་ནག་ཡིན་པས་རྒྱ་གར་གྱིས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཕྱོགས་གཅིག་ཏུ་སྒྲིལ་རྒྱུ་ལ་འདོད་པ་བྱེད་ཀྱི་མེད་པ་རེད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།