ཨུ་ཡུའི་དམག་འཁྲུག་ཁྲོད་ཨུ་རུ་སུའི་དམག་མི་ཇི་ཙམ་འདས་གྲོངས་སུ་གྱུར་ཡོད་དམ།

ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་འགོ་བཙུགས་ནས་ད་བར་ཉིན་གྲངས་༧༣༠ ལྷག་ཙམ་འགྲོ་བཞིན་ཡོད་འདུག་པ་དང་། ཉིན་གྲངས་དེ་དག་གི་རིང་ལ་ཡུག་རེན་དང་ཨུ་རུ་སུ་ཕྱོགས་གཉིས་ཀའི་དམག་མི་ཕོན་ཆེན་ཤི་རྨས་བྱུང་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་༢༧ ཉིན་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༢ ཟླ་བ་༢ ནང་ཨུ་རུ་སུས་ཡུག་རེན་ལ་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་ཨུ་རུ་སུ་དང་ཡུག་རེན་གཉིས་ཀའི་དམག་མི་དུ་མ་ཞིག་བསད་རྨས་ཚབས་ཆེན་བྱུང་ཡོད་འདུག་པ་དང་། དེའི་ནང་ནས་ཨུ་རུ་སུའི་དམག་མི་མང་པོ་ཞིག་གྲོངས་ཡོད་འདུག དེ་ཡང་དཔལ་འབྱོར་རིག་པ་(The Economist)ཟེར་བའི་གསར་ཁང་གིས་ཚོད་དཔག་བྱས་དོན་ལ་དམག་འཁྲུག་འགོ་བཙུགས་པ་ནས་ཕྱི་ལོ་༢༠༢༣ ཟླ་བ་༡༢ བར་ཨུ་རུ་སུའི་དམག་མི་༦༦༠༠༠ ནས་༨༨༠༠༠ བར་དམག་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་ཡོད་པར་བརྗོད་ཡོད་འདུག་ལ། གསར་ཁང་དེའི་ཚོད་དཔག་གི་གཞི་བཅོལ་ས་ནི་ཨ་རིའི་གསང་བའི་ལས་ཁུངས་(CIA)དང་དབྱིན་ཡུལ་བདེ་སྲུང་ལས་ཁུངས། དེ་བཞིན་ཨུ་རུ་སུའི་རང་དབང་གསར་ཁང་(Mediazona)དང་(Meduza)བཅས་ཡིན་འདུག དབྱིན་ཡུལ་བདེ་སྲུང་ལས་ཁུངས་ཀྱིས་ཨུ་རུ་སུའི་དམག་མི་༧༠༠༠༠ བསད་ཡོད་པར་རྗོད་ཀྱི་འདུག་ལ། ཨ་རིས་༡༢༠༠༠༠ ཡས་མས་ཤིག་བསད་ཡོད་པར་རྗོད་ཀྱི་འདུག དཔལ་འབྱོར་རིག་པ་ཞེས་པའི་གསར་ཁང་གིས་བརྗོད་དོན་ལྟར་ན། ཨུ་རུ་སུའི་དམག་མི་མང་ཤོས་ཐོག་མར་དམག་འཁྲུག་འགོ་འཛུགས་དུས་དང་ན་ནིང་དགུན་ཁའི་སྐབས་སུ་འདས་གྲོངས་སུ་གྱུར་ཡོད་འདུག དཔལ་འབྱོར་རིག་པ་ཞེས་པའི་གསར་ཁང་གིས་ཐོག་མར་དམག་འཁྲུག་འགོ་འཛུགས་དུས། ཨུ་རུ་སུའི་དམག་མི་ཁྱོན་༢༩༠༠༠༠ ནས་༤༦༠༠༠༠ ཙམ་ཞིག་ཡུག་རེན་ལ་བཏང་ཡོད་པར་བརྗོད་འདུག་ལ། དམག་མི་འདས་གྲོངས་སུ་གྱུར་མཁན་གྱི་ཁོངས་ནས་བརྒྱ་ཆ་༢༥ ཨུ་རུ་སུའི་བདེ་སྲུང་དམག་མི་ཡིན་འདུག་པ་དང་། བརྒྱ་ཆ་༡༩ ནི་བཙོན་པའམ་ནག་ཉེས་ཕོག་པའི་མི་རྐྱང་རྐྱང་ཡིན་འདུག བརྒྱ་ཆ་༦ ནི་དམག་འཁྲུག་སྐབས་སུ་མི་མང་གསར་དུ་བསྡུས་པ་དག་དང་ཝག་ནར་གྱི་གླས་དམག་ཡིན་འདུག འོན་ཀྱང་། འདས་གྲོངས་སུ་གྱུར་མཁན་ཁོངས་ནས་བརྒྱ་ཆ་༥༠ དེ་སུ་ཡིན་མིན་ཁ་གསལ་མི་འདུག དེ་སྔོན་ཨུ་རུ་སུའི་རང་དབང་གསར་ཁང་(Mediazona )ཞེས་པ་དེ་ཡིས་དམག་འཁྲུག་འགོ་བཙུགས་ནས་དེ་སྔོན་ཕྱི་ལོ་༢༠༢༣ ལོ་མཇུག་ཙམ་བར་དུ་ཨུ་རུ་སུའི་དམག་མི་༤༤༠༠༠ ཙམ་དམག་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་ཡོད་པར་བརྗོད་ཡོད་འདུག ཉེ་ཆར་ཕྱི་ཚེས་༢༤ ཉིན་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ལོ་གཉིས་འཁོར་བའི་ཉིན་མོར་ཡུག་རེན་གྱི་སྲིད་འཛིན་གྱིས་བརྗོད་པ་ལྟར་ན། ད་བར་ཡུག་རེན་གྱི་དམག་མི་༣༡༠༠༠ ཙམ་དམག་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་ཡོད་པར་བརྗོད་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།