ཨུ་རུ་སུའི་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་ནས་མི་༧༡ བསད་ཡོད་འདུག
ཨུ་རུ་སུའི་རྒྱལ་ནང་གི་སྐྱེལ་འདྲེན་གནམ་གྲུ་ཞིག་ས་ཐོག་ཏུ་ཟག་ནས་གནམ་གྲུའི་ནང་ཡོད་པའི་མི་༧༡ ཆ་ཚང་བསད་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༡ གི་ཉིན་རྒྱབ་ཏུ་ཨུ་རུ་སུའི་རྒྱལ་ནང་གི་སྐྱེལ་འདྲེན་གནམ་གྲུ་ཞིག་ཟག་ནས་འགྲུལ་བཞུད་པ་༦༥ དང་། གནམ་གྲུའི་ནང་གི་ལས་ཀ་བྱེད་མཁན་༦ བཅས་ཁྱོན་གནམ་གྲུའི་ནང་ཡོད་པའི་མི་༧༡ ཚང་མ་བསད་ནས་གསོན་པོར་གཅིག་ཀྱང་ལྷག་མེད་འདུག་ཅིང་། འདས་གྲོངས་སུ་སོང་བ་རྣམས་ཀྱི་ཕུང་པོ་དང་། གནམ་གྲུའི་ནང་གི་ཅ་དངོས་རྣམས་ཕན་ཚུན་རྒྱང་ཐག་རིང་པོར་གཡུགས་ཡོད་འདུག
གནམ་གྲུ་དེ་ཨུ་རུ་སུའི་རྒྱལ་ས་མཱོ་སི་ཀོའི་གནམ་ཐང་ཌོ་མོ་ཌེ་ཌོ་ཝོ་(Domodedovo)ནས་ཡུལ་དེའི་གྲོང་ཁྱེར་ཨཱོ་རེན་བྷག(Orenburg)ལ་སྐྱོད་ཀྱི་ཡོད་འདུག་ཀྱང་། རྒྱལ་ས་དང་རྒྱང་ཐག་ཀི་ལོ་མི་ཊར་༨༠ ཡས་མས་ཀྱི་མཚམས་སུ་ཡོད་པའི་གྲོང་གསེབ་ཨཱར་གྷུ་ནོ་ཝོ་ཞེས་པ་དང་ཉེ་བའི་ས་སྟོང་ཁ་བས་ཡོངས་སུ་བཏུམས་པ་ཞིག་ཏུ་ལྷུང་ཡོད་འདུག་པ་དང་། གནམ་གྲུའི་ནང་གི་འགྲུལ་བཞུད་པ་༦༥ ཆ་ཚང་བ་ཨཱོ་རེན་བྷག་ཞེས་པའི་ཨུ་རུ་སུའི་ལུང་པ་དེ་ནས་ཡིན་འདུག
ད་ལྟའི་ཆར་གནམ་གྲུ་བརྡབ་སྐྱོན་ཤོར་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་མིན་ཁ་གསལ་པོ་ཆགས་མེད་འདུག་ཀྱང་། གནས་ཚུལ་བརྟག་དཔྱད་བྱེད་མཁན་དང་ཛ་དྲག་ལས་མི་བཅས་ཀྱིས་ཁ་བས་བཏུམ་པའི་ས་ཆ་དེར་རྟོག་ཞིབ་བྱེད་མུས་ཡིན་འདུག ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཚེ་སྲོག་ཤོར་མཁན་རྣམས་ཀྱི་ནང་མི་རྣམས་ལ་སེམས་གསོ་གནང་བ་དང་སྦྲགས། གནས་ཚུལ་དེའི་འབྱུང་རྐྱེན་ཅི་ཞིག་ཡིན་མིན་རྩད་ཞིབ་ཡག་པོ་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག
ཨུ་རུ་སུའི་བརྒྱུད་ལམ་(gazeta.ru)ཞེས་པའི་དྲ་གནས་སུ་མིང་འདོན་མ་བྱས་པའི་དཔྱད་བརྗོད་པ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། གནམ་གྲུ་གཏོང་མཁན་གྱིས་གནམ་གྲུའི་བྱེད་ལས་ཉམས་ནས་ཏག་ཏག་ཡོང་གི་མེད་པ་དང་། ཛ་དྲག་འབབ་ཚིགས་ཤིག་གྲ་སྒྲིག་དགོས་པའི་རེ་སྐུལ་བྱས་ཡོད་སྐོར་བརྗོད་ཡོད་འདུག
སྤྱིར་ཕྱི་ལོ་༢༠༡༧ ལོ་ནི་མཁའ་ལམ་འགྲིམ་འགྲུལ་བདེ་འཇགས་ཆེ་ཤོས་ཀྱི་ལོ་ཞིག་ཡིན་འདུག་པ་དང་། འདས་པའི་ལོ་ངོ་གཅིག་ལྷག་གི་རིང་ལ་ཚོང་ལས་འགྲིམ་འགྲུལ་དང་འབྲེལ་བའི་མཁའ་ལམ་ཐོག་བརྡབ་སྐྱོན་བྱུང་མེད་པ་རེད་འདུག
དེ་སྔོན་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༩ པའི་ནང་ཨུ་རུ་སུའི་དམག་གི་གནམ་གྲུ་ཞིག་རྒྱ་མཚོའི་ནང་ཟག་ནས་གནམ་གྲུའི་ནང་གི་མི་༩༢ ཆ་ཚང་གི་ཚེ་སྲོག་ཤོར་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༡༠ ནང་ཨུ་རུ་སུའི་གནམ་གྲུ་ཞིག་ཨཱེ་ཇེབ་རྒྱལ་ཁབ་ནང་ལྷུང་ནས་མི་༢༢༤ ཡི་ཚེ་སྲོག་ཤོར་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།