ཨུ་རུ་སུའི་ངན་བྱུས་འོག་ཚུད་པའི་རྒྱ་གར་གྱི་དམག་མི་རྣམས་ཕྱིར་ཐོན་ཐབས་བྱེད་བཞིན་པ།

དེ་སྔོན་རྒྱ་གར་གྱི་དམག་མི་མང་པོ་ཞིག་ཨུ་རུ་སུའི་གོ་མཚོན་བཟོ་གྲྭའི་ནང་ལས་ཀ་བྱེད་ཀྱི་ཡོད་འདུག་པ་དང་། ད་ཆར་ཁོང་ཚོ་ཨུ་རུ་སུའི་གཞུང་གིས་ཡུག་རེན་དམག་འཁྲུག་ནང་བཏང་ཡོད་འདུག་པས། ཉེ་ཆར་རྒྱ་གར་གྱི་དམག་མི་ཞིག་དམག་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་ཡོད་འདུག དེ་བཞིན་རྒྱ་གར་གཞུང་ནས་ཨུ་རུ་སུ་ལ་ཞུ་གཏུག་རིམ་པ་བྱས་རྗེས་ད་ཆར་རྒྱ་གར་གྱི་དམག་མི་རྣམས་ཕྱིར་ཐོན་ཐབས་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༢༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མར་(Hemal Ashwinbhai)ཟེར་བའི་(Gujarat )མངའ་སྡེ་ནས་ཡིན་པའི་རྒྱ་གར་གྱི་དམག་མི་ཞིག་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་ཡོད་འདུག་པ་རྒྱ་གར་གྱི་(The Hindu )གསར་ཁང་ནས་བརྗོད་ཡོད་འདུག ཕྱི་ཚེས་༢༣ ཉིན་དམག་མི་དེའི་ཕ་ཡིས་བརྗོད་དོན། ངའི་བུ་ལ་ཁ་པར་བརྒྱུད་ནས་ཉིན་གསུམ་གྱི་སྔོན་དུ་འབྲེལ་བ་བྱས་པ་ཡིན། སྐབས་དེ་དུས་ཁོ་རང་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གི་ས་ཆ་ཞིག་ལ་ཡོད་པ་དང་། ས་ཆ་དེ་ཨུ་རུ་སུའི་ས་མཚམས་ནས་སྤྱི་ལེ་༢༠་ནས་༢༢ ཙམ་ཞིག་ལ་ཡོད་པར་བརྗོད་ཡོད་འདུག ཨུ་རུ་སུའི་ནང་ཡོད་པའི་རྒྱ་གར་གྱི་དམག་མི་རྣམས་ནི་རང་ལོ་༢༢ ནས་༣༡ བར་རྐྱང་རྐྱང་ཡིན་འདུག་ལ། ཁོང་ཚོ་ནི་ཨུ་རུ་སུའི་དམག་མིའི་གོ་མཚོན་བཟོ་གྲྭའི་ནང་ལས་ཀ་བྱེད་ཀྱི་ཡོད་འདུག ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་གྱི་དམག་མི་༡༠༠ ཙམ་དམག་སར་བཏང་ཡོད་པ་ལས་དེ་ལས་མང་བ་བཏང་མེད་པར་(The Hindu)གསར་ཁང་ལ་བརྗོད་ཡོད་འདུག ཉེ་ཆར་ཨུ་རུ་སུའི་རྒྱལ་ས་ལ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གིས་ཨུ་རུ་སུའི་གཞུང་ལ་ཞུ་གཏུག་རིམ་པ་བྱས་ཡོད་འདུག་པ་དང་། དེ་བཞིན་ལྡི་ལི་ལ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ལ་ཞུ་གཏུག་བྱས་རྗེས་ད་ཆར་ཨུ་རུ་སུའི་ནང་ཡོད་པའི་རྒྱ་གར་གྱི་དམག་མི་མང་པོ་ཞིག་ཕྱིར་འཐེན་བྱས་ཡོད་པར་བརྗོད་འདུག ཨུ་རུ་སུའི་ནང་ཡོད་པའི་རྒྱ་གར་གྱི་དམག་མི་དག་གིས་ཁོང་ཚོའི་ཕ་མ་དང་ཁྱིམ་མི་རྣམས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་ནི་ཧ་ཅང་སྐྱོ་བོ་ཡིན་པ་དང་། འགའ་ཤས་ནི་ཇ་འཚོང་མཁན་དང་འགའ་ཤས་ནི་ལམ་ཟུར་དུ་ཐོན་རྫས་ཆུང་ཙག་རིགས་འཚོང་མཁན་ཡིན་པ་སོགས་རྗོད་ཀྱི་ཡོད་འདུག དེ་བཞིན་རྒྱ་གར་གྱི་དམག་མིའི་ནང་མི་དང་དམག་མི་དག་གིས་བརྗོད་པ་ལྟར་ན། དམག་མི་བསྡུ་རུག་བྱེད་མཁན་གྱི་ཚོགས་པ་དེ་དག་གིས་ཁོང་ཚོ་ལ་ཧིན་སྒོར་༣༠༠༠༠༠ སྤྲད་ནས། དམག་མིའི་ལས་འགན་ཚར་རྗེས་སུ་ཨུ་རུ་སུའི་མི་སེར་ལག་ཁྱེར་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པ་རྗོད་ཀྱི་ཡོད་འདུག ཨུ་རུ་སུའི་དམག་མི་རྒྱ་གར་དང་། ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ། བལ་ཡུལ། ཤྲི་ལིངྐ་བཅས་ནས་བསྡུ་རུག་བྱེད་ཀྱི་ཡོད་འདུག ཨུ་རུ་སུས་དམག་མི་དེ་དག་ལ་གླ་ཆ་ཡག་པོ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པ་མ་གཏོགས་ལས་ཀ་ག་རེད་བྱེད་དགོས་མིན་གང་ཡང་བཤད་མེད་པ་དམག་མི་དེ་དག་གི་ཁྱིམ་མི་དང་སྤུན་མཆེད་དག་གིས་བྷི་བྷི་སིའི་གསར་ཁང་ལ་བརྗོད་ཡོད་འདུག རྒྱ་གར་གྱི་མངའ་སྡེ་(Karnataka)་ཀ་ན་ཌ་ཀ་ནས་ཡིན་པའི་རང་ལོ་༢༨ ཡིན་པའི་ཕོ་གསར་གཅིག་ཁོང་(Dubai)ལ་ཡོད་ཀྱང་དངུལ་དེ་ཙམ་གསོག་ཐུབ་ཀྱི་མེད་པར་བརྟེན། ཁོང་གི་གྲོགས་པོ་ཞིག་གི་བརྒྱུད་ནས་བརྙན་ཐུང་ཞིག་གི་ནང་ཨུ་རུ་སུ་ནང་ཕྱིན་ན་ཟླ་རེ་ཧིན་སྒོར་༩༠༠༠༠་ནས་༡༠༠༠༠༠ ཙམ་གསོག་ཐུབ་ཀྱི་ཡོད་པ་ཤེས་རྗེས། ཕོ་གསར་དེས་བུ་ལོན་གཡར་ནས་ཨུ་རུ་སུ་ལ་ཕྱིན་ཡོད་འདུག ཕྱིས་སུ་དམག་སར་གཏོང་གི་ཡོད་པ་ཧ་གོ་ནས། ནང་མིས་ཨུ་རུ་སུའི་གཞུང་ལ་ཞུ་གཏུགས་ཐེངས་མང་བྱས་རྗེས་ད་ཆར་ཕོ་གསར་དེ་རང་ཁྱིམ་ལ་ལོག་ཐུབ་ཡོད་ཀྱང་། རྒྱ་གར་གྱི་མངའ་སྡེ་གཞན་ནས་ཡིན་པའི་ཕོ་གསར་མང་པོ་ཞིག་ད་དུང་ལྷག་ཡོད་འདུག རྒྱ་གར་གྱི་དམག་མི་གཞན་ཞིག་གིས་བརྗོད་ཡོད་པ་ཞིག་ལ། ཁོང་དང་གྲོགས་པོ་ཞིག་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་ཨུ་རུ་སུ་ལ་ཕྱིན་ན་དངུལ་ཡག་པོ་གསོག་ཐུབ་ཀྱི་ཡོད་པ་ཤེས་རྗེས་ཨུ་རུ་སུ་ལ་ཕྱིན་ཡོད་པ་དང་། ཁོང་གཉིས་ཨུ་རུ་སུར་བསླེབས་རྗེས་དམག་སར་བཏང་ཡོད་འདུག་པ་དང་། དམག་ས་ནས་རྨས་སྐྱོན་ཡང་ཕོག་ཡོད་འདུག ཁོང་གཉིས་ཀྱིས་ངེད་གཉིས་གང་མགྱོགས་ས་ཆ་དེ་ནས་ཕར་ལེན་རོགས་ཞེས་རེ་བ་འདོན་གྱི་ཡོད་འདུག ཨུ་རུ་སུས་རྒྱ་གར་གྱི་དམག་མི་དམག་སར་བཏང་བ་དག་ལ་དམག་སྦྱོང་ནི་ཡོད་མི་འདུག་ལ། འགའ་ཤས་ཀྱིས་བརྗོད་དོན་ཁོང་ཚོས་དེ་སྔོན་མེ་མདའ་ལ་ལག་པ་འཆང་མྱོང་མེད་ཀྱང་ད་ཆར་དམག་སར་སླེབས་པར་བརྟེན། ཧ་ཅང་སྐྲག་གི་ཡོད་པ་སོགས་རྗོད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།