ཨུ་རུ་སུའི་དམག་སྤྱི་ལྐོག་གསོད་བཏང་རྗེས་ཨུ་རུ་སུས་དེ་ནི་ཡུག་རེན་སྲིད་འཛིན་གྱིས་རང་ཉིད་འཆི་རྒྱུའི་མཚན་རྟགས་བཀོད་པ་རེད་ཅེས་བརྗོད།

ཨུ་རུ་སུའི་རྒྱལ་སའི་ཉེ་འཁོར་དུ་ཨུ་རུ་སུའི་དམག་སྤྱི་ཞིག་འབར་གད་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་ཡོད་འདུག་ལ། ཁོ་དང་མཉམ་དུ་ལས་རོགས་ཤིག་ཀྱང་བསད་ཡོད་འདུག དམག་འཁྲུག་དེ་ཨུ་རུ་སུའི་རྒྱལ་ས་ནས་ཧ་ཅང་ཐག་རིང་ལ་ཡོད་པའི་ཡུག་རེན་ནང་རྒྱག་བཞིན་ཡོད་ཀྱང་། ཨུ་རུ་སུའི་དམག་སྤྱི་གཙོ་གྲས་ཤིག་རྒྱལ་སར་ལྐོག་གསོད་བཏང་རྗེས། རྒྱལ་སྤྱིའི་གསར་ལམ་མང་པོ་ནས་ཡུག་རེན་གྱི་དམག་གི་ནུས་པའི་སྐོར་གླེང་སློང་ཆེན་པོ་བྱེད་ཀྱི་ཡོད་འདུག 

ཕྱི་ཚེས་༡༨ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་ཨུ་རུ་སུའི་རྫས་འགྱུར་དང་རྡུལ་ཕྲན་མཚོན་ཆའི་དཔུང་སྡེའི་དམག་སྤྱི་ཨི་གྷོར་ཀི་རི་ལོབ(Igor Kirillov)ཟེར་བ་དེ་དང་། ཁོའི་ལས་རོགས་དམག་མི་གཞན་གཅིག་བཅས་ཁོ་གཉིས་སྡོད་ཁང་ནས་ཕྱིར་ཐོན་ཏེ་རྐང་གསུམ་གློག་འཁོར་ཞིག་གི་ནང་འཛུལ་དུས་འབར་གད་དོན་རྐྱེན་བྱུང་ནས་ཁོ་གཉིས་ཀ་བསད་ཡོད་འདུག སྐབས་དེ་དུས་དམག་སྤྱི་དེའི་སྡོད་ཁང་གི་ཉེ་འཁོར་དུ་ཡོད་པའི་བུད་མེད་ལི་ཟྭ་(Liza)ཟེར་བ་ཞིག་གིས་ང་ཚོས་དུས་རྒྱུན་གསར་འགྱུར་ནས་དམག་འཁྲུག་དེ་ང་ཚོ་ལས་རྒྱང་ཐག་རིང་ས་ཞིག་ལ་འབྱུང་བཞིན་ཡོད་ཚུལ་རྗོད་དུས་དངངས་སྐྲག་དེ་ཙམ་མེད་ཀྱང་། ད་ཆར་ང་ཚོའི་འགྲམ་དུ་འབར་གད་འབྱུང་དུས་དེ་ནི་བཤད་མི་ཤེས་པའི་འཇིགས་སྣང་ཆེན་པོ་ཞིག་འདུག་ཅེས་བརྗོད་ཡོད་འདུག་ལ། དམིགས་བསལ་ད་ཆར་ཨུ་རུ་སུའི་དམག་སྤྱི་ཞིག་རྒྱལ་ས་མོ་སི་ཀོར་(Moscow)ལྐོག་བསད་བཏང་བ་ནི་དམག་འཁྲུག་དེའི་ཚབས་ཆེ་ཆུང་ཤེས་ཐུབ་པ་ཞིག་རེད་ཅེས་བརྗོད་འདུག ཨུ་རུ་སུའི་དམག་སྤྱི་ལྐོག་བསད་བཏང་རྗེས་ཨུ་རུ་སུས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ནང་བསྟན་ནས་དེ་ནི་ཡུག་རེན་སྲིད་འཛིན་གྱིས་རང་ཉིད་འཆི་རྒྱུའི་མཚན་རྟགས་བཀོད་པ་རེད་ཅེས་དང་། ཨུ་རུ་སུའི་སྲིད་འཛིན་ཟུར་པ་མེ་ཌ་ཝེ་ཌེབ་(Medvedev)ཡིས་ང་ཚོས་གང་མགྱོགས་ཉེས་ཅན་པ་དེ་འཚོལ་དགོས་པ་དང་། ཡུག་རེན་གྱི་རྒྱལ་སར་ཡོད་པའི་ཉེས་ཅན་པ་དེ་སུ་ཡིན་མིན་ཤེས་པར་བྱས་ནས་རྩ་མེད་བཟོ་དགོས་རེད་ཅེས་བརྗོད་ཡོད་འདུག འོན་ཀྱང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་(Putin)གྱིས་ད་བར་གང་ཡང་བརྗོད་ཡོད་མི་འདུག

ཡུག་རེན་གྱི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་རྫས་འགྱུར་དང་རྡུལ་ཕྲན་མཚོན་ཆའི་དཔུང་སྡེའི་དམག་སྤྱི་ལྐོག་གསོད་བཏང་བ་དེ་ནི། མ་འོངས་པར་ཨུ་རུ་སུའི་ཡུག་རེན་ལ་རྫས་འགྱུར་དང་རྡུལ་ཕྲན་མཚོན་ཆ་སོགས་ཀྱི་རྒོལ་རྡུང་འགོག་ཐབས་ཆེད་དུ་གསོད་དགོས་བྱུང་སོང་ཞེས་བརྗོད་ཡོད་འདུག་ལ། ང་ཚོས་གློག་གི་རྐང་གསུམ་འཁོར་ལོ་ཞིག་གི་ནང་དུ་འབར་རྫས་སྦས་ནས་སྒུག་བསྡད་པ་ཡིན། དམག་སྤྱི་ཀི་རི་ལོབ་དང་ལས་རོགས་གཉིས་ཁང་ཆེན་དེའི་སྒོ་མདུན་དུ་བསླེབས་པ་དང་རྒྱང་ནས་མཐེབ་ཀྱུ་མནན། འབར་མདེལ་གད་དུ་བཅུག་སྟེ་བསད་པ་ཡིན་ཞེས་ངོས་ལེན་བྱས་ཡོད་འདུག 

དེ་བཞིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༢ ལོར་ཡུཀ་རེན་གྱི་གསང་བའི་མི་སྣ་ཚོས་ཨུ་རུ་སུའི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་ཨ་ལིཀ་ཛན་ཌར་རྡུ་གྷིན་གྱི་རླངས་འཁོར་ནང་དུ་འབར་རྫས་སྦས་ནས་གསོད་ཐབས་བྱས་ཀྱང་གསོད་མ་ཐུབ། དེའི་ཚབ་ཏུ་རྡུ་གྷིན་གྱི་བུ་མོ་དྷ་རི་ཡ་རྡུ་གྷི་ན་བསད། ཕྱི་ལོ་༢༠༢༣ ལོར་ཡུག་རེན་གྱི་གསང་བའི་མི་སྣ་ཚོས་ཇ་ཁང་ཞིག་གི་ནང་དུ་འབར་རྫས་སྦས་ནས་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་དང་ཕུ་ཊིན་གྱི་ཕྱོགས་གཏོགས་པ་སྟེ། དྲྭ་བརྙན་གསར་འགོད་པ་ཊ་ཊར་སི་ཀི་བསད། ན་ནིང་ཕྱི་ཟླ་༡༢ པའི་ནང་ཕུ་ཊིན་གྱི་ཕྱོགས་གཏོགས་པ་དང་། ཨུ་རུ་སུ་ལ་བྲོས་བྱོལ་དུ་ཕྱིན་པའི་ཡུག་རེན་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཨི་ལི་ཡ་ཀི་ཝ་རྒྱལ་ས་མོ་སི་ཀོའི་ཉེ་འཁྲིས་ཤིག་ཏུ་མེ་མདའ་བརྒྱབ་ནས་བསད་ཡོད་འདུག ཡུག་རེན་གྱི་གསང་བའི་ལས་ཁུངས་ནས་དམག་འཁྲུག་གི་ནག་ཉེས་བསགས་པའི་ཨུ་རུ་སུའི་མཐོ་རིམ་ལས་སྣེ་ཁག་དང་ཡུག་རེན་གྱི་རྒྱལ་ཚོང་བ་ཚོའི་མིང་ཐོ་བསྡུས་ནས་དམིགས་འབེན་དུ་བཟུང་ནས་རེ་རེ་བཞིན་ལྐོག་གསོད་གཏོང་གི་ཡོད་འདུག 

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་དམག་སྤྱི་པེ་ཊི་ར་ཡེ་ཌར(Pat Ryder)བའི་མི་སྣ་ཚོས་ཨུ་རུ་སུའི་མཐོ་རིམ་དམག་སྤྱི་ཞིག་ལྐོག་གསོད་བྱས་པ་ཁོ་ན་མིན་པར།  གཟའ་མཇུག་དེར་ཨུ་རུ་སུའི་ཀོར་སི་ཀ་མངའ་ཁུལ་དུ་ཨུ་རུ་སུའི་དཔུང་གྲོགས་བྱང་ཀོ་རི་ཡའི་དམག་མི་༣༡ བསད་རྨས་བྱུང་ཡོད་ཅིང་།  ཕྱི་ཟླ་༡༠ པའི་ནང་བྱང་ཀོ་རི་ཡའི་དམག་དཔུང་ཨུ་རུ་སུའི་ཀོར་སི་ཀ་མངའ་ཁུལ་དུ་འབྱོར་རྗེས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་དམག་སྤྱི་པེ་ཊི་ར་ཡེ་ཌར་(Pat Ryder)་གྱིས་བདུན་ཕྲག་སྔོན་མ་ནས་བྱང་ཀོ་རི་ཡའི་དམག་མི་རྣམས་དངོས་སུ་ཡུག་རེན་གྱི་འཐབ་འཁྲུག་ལ་ཞུགས་ཡོད་པར་བརྗོད་འདུག་ལ།  ང་ཚོས་བྱང་ཀོ་རི་ཡའི་དམག་མི་ཚོར་བསད་རྨས་གཉིས་ཀ་བྱུང་ཡོད་པའི་རྟགས་མཚན་ཞིག་མཐོང་གི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ་ཡོད་འདུག ཡུག་རེན་གྱི་དམག་མི་ཚོས་ཉམས་མྱོང་དང་སྦྱོང་བརྡར་ཡོད་པའི་བྱང་ཀོ་རི་ཡའི་དམག་མི་དེ་ཚོ་གསོད་དགོས་ན་སྟབས་བདེ་པོ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

ཨུ་རུ་སུའི་དམག་སྤྱི་ལྐོག་གསོད་བཏང་རྗེས་ཨུ་རུ་སུས་ཨུ་ཛུ་བྷེ་ཁི་སི་ཐན་(Uzbekistan)ནས་ཡིན་པའི་སྐྱེས་པ་རང་ལོ་༢༩ ཅན་ཞིག་ཨུ་རུ་སུའི་དམག་སྤྱི་གསོད་མཁན་དེ་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག  ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་སྐྱེས་པ་དེ་ནི་ཡུག་རེན་གྱིས་བཏང་བའི་དམག་མི་ཞིག་ཡིན་པར་བརྗོད་ཡོད་འདུག་ཅིང་། མི་དེ་ཡིས་བརྙན་འཕྲིན་ནང་བརྗོད་དོན་ལ། ཁོ་ལ་ཡུག་རེན་གྱི་ངོས་ནས་ཨ་སྒོར་༡༠༠༠༠༠ སྤྲད་ཡོད་པ་དང་། ཡུ་རོབ་ལ་འགྲོ་ཆོག་པའི་ཡིག་ཆ་ཚང་མ་སྤྲད་ཡོད་ཚུལ་བརྗོད་འདུག ལྐོག་གསོད་བཏང་བའི་ཨུ་རུ་སུའི་དམག་སྤྱི་དེ་ལ། དེ་སྔོན་དབྱིན་ཡུལ་གཞུང་ནས་ཡུག་རེན་ནང་རྫས་འགྱུར་རིགས་ཀྱི་གོ་མཚོན་བེད་སྤྱོད་བཏང་ཡོད་པར་བརྗོད་ནས་ཉེས་ཆད་བཅད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།