ཨུ་རུ་སུའི་དུས་སྟོན་ལ་འགྲོ་མཁན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་བདེ་འཇགས་ལ་ཡུག་རེན་གྱིས་ཉེན་བརྡ་བཏང་།
ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་གི་ལོ་གསུམ་པ་དེ་འགྲོ་བཞིན་པ་དང་། ལྷག་པར་དུ་ཨ་རྒྱ་གཉིས་ཀྱི་ཚོང་དམག་དང་འཛམ་གླིང་གོ་རིམ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་སུ། རྒྱ་ནག་གི་སྲིད་འཛིན་ཨུ་རུ་སུས་འཇར་མན་གྱི་ན་ཛིའི་དམག་དཔུང་ཕམ་ཉེས་སུ་བཏང་ནས་ལོ་༨༠ འཁོར་བའི་དུས་དྲན་མཛད་སྒོ་ལ་མཉམ་ཞུགས་དང་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཀྱི་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྒྱུ། དེ་བཞིན་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་འགོད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༦ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་འཇམ་མན་གྱི་ན་ཛིའི་དམག་དཔུང་ཕམ་ཉེས་སུ་བཏང་ནས་ལོ་ངོ་ཧྲིལ་པོ་༨༠ འཁོར་བའི་དུས་དྲན་སྲུང་བརྩི་དེ་ཟླ་འདིའི་ཚེས་༧ ནས་༡༠ བར་ཡིན་པ་དང་། རྒྱ་ནག་གི་སྲིད་འཛིན་དེར་མཉམ་ཞུགས་ཆེད་ཨུ་རུ་སུ་ལ་འགྲོ་རྒྱུ་ཡིན་འདུག རྒྱལ་ཁབ་གཉིས་ཀྱི་བར་འཐབ་ཇུས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་དང་། དེ་བཞིན་ཕྱོགས་གཉིས་ཀྱི་བར་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་འགོད་རྒྱུ་ཡིན་འདུག་ལ།
དེ་མཚུངས་བྷར་ཛིལ་དང་སིར་བྷེ་ཡ་བཅས་ཀྱི་སྲིད་འཛིན་དང་། སི་ལོ་ཝོ་ཁི་ཡའི་སྲིད་བློན་གཙོས་པའི་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོ་དུས་སྟོན་དེར་བཅར་རྒྱུའི་རེ་བ་བྱས་ཡོད་འདུག། ཨུ་རུ་སུའི་སྲིད་འཛིན་གྱིས་དུས་སྟོན་དེ་དང་འབྲེལ་ཉིན་གསུམ་གྱི་རིང་། དམག་འཁྲུག་མཚམས་འཇོག་གི་གྲོས་འཆར་བཏོན་ཡོད་འདུག་ཀྱང་།
གྲོས་འཆར་དེའི་ལན་དུ་ཡུག་རེན་གྱི་སྲིད་འཛིན་གྱིས་ཉིན་གྲངས་༣༠ རིང་དམག་མཚམས་བཞག་ན་ཁོང་ལ་གྲ་སྒྲིག་ཡོད་ཅེས་དང་། དམག་འཁྲུག་མུ་མཐུད་བཞིན་པའི་རྐྱེན་གྱིས། ཨུ་རུ་སུའི་དུས་དྲན་ལ་ཕེབས་མཁན་ཕྱི་རྒྱལ་གྱི་དབུ་ཁྲིད་སུ་ཞིག་ཡིན་རུང་། ཁྱེད་ཚོའི་བདེ་འཇགས་ལ་འགན་ལེན་བྱེད་མི་ཐུབ་ཅེས་བརྗོད་འདུག ཨུ་རུ་སུའི་སྲིད་འཛིན་གྱིས་ཉེ་ཆར་གནས་སྐབས་དམག་མཚམས་དེ་འཇོག་འདོད་མེད་པ་དང་དུས་ཡུན་རིང་པོའི་གྲོས་མཐུན་ཞིག་འཇོག་འདོད་ཡོད་ཅེས། ཟླ་བ་གཅིག་ལྟ་བུའི་དུས་ཐུང་དམག་མཚམས་འཇོག་འདོད་མེད་པ་གསལ་བཤད་བྱས་ཡོད་འདུག
ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་བྱུང་ནས་ལོ་གསུམ་པ་དེ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གི་དམག་མི་མང་པོ་ཨུ་རུ་སུ་ལ་རྒྱབ་སྐྱོར་ཆེད་དམག་འཁྲུག་ནང་དུ་ཞུགས་ཤིང་། མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང་འགའ་ཤས་ལ་རྨས་སྐྱོན་ཕོག་ནས་རྒྱ་ནག་ཏུ་ཕྱིར་ལོག་ཡོད་འདུག་པ་དང་། ལྷག་པར་དུ་དམག་འཐབ་བྱེད་བཞིན་པ་ཚོས་གཞན་ལ་དམག་འཁྲུག་ནང་ཞུགས་པར་འགྱོད་པ་སྐྱེས་པ་དང་། དེ་ལྟ་བུའི་ནོར་འཁྲུལ་བཟོ་མི་རུང་བའི་སྐད་ཆ་བཤད་མཁན་མང་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད་པ་མ་ཟད།
ཨ་རྒྱ་གཉིས་ཀྱི་ཚོང་དམག་དང་དཀྱིལ་ཤར་གྱི་དམག་འཁྲུག་སོགས་ལ་བརྟེན། འཛམ་གླིང་གོ་རིམ་(Worl order) ཞེས་རྒྱལ་སྤྱིའི་སྲིད་དོན་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལམ་ལུགས། རྒྱལ་ཁབ་ཁག་གི་བར་འབྲེལ་ལམ་སོགས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པར་བརྟེན། ཞི་ཅིན་ཕིང་གིས་ནུབ་ཕྱོགས་ཀྱི་སྲིད་དོན་ཉེས་ཆད་དང་། དམག་འཁྲུག་གི་གནས་སྟངས། རྒྱ་ནག་གིས་ཨུ་རུ་སུ་ལ་གསང་བའི་དམག་དོན་རོགས་རམ་བྱེད་ཀྱི་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཐོག་སྐྱོན་བརྗོད་ལ་མ་ལྟོས་པར། ཨུ་རུ་སུ་དང་མཉམ་དུ་འབྲེལ་ལམ་བརྟན་པོ་གནས་རྒྱུའི་འདུན་པ་ཡོད་པ་རྒྱལ་སྤྱིའི་ནང་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པར་བརྗོད་འདུག
ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་ཐོག་མར་ཡུག་རེན་ལ་དམག་འཁྲུག་མ་བརྒྱབས་པའི་བདུན་ཕྲག་འགའ་ཤས་ཀྱི་སྔོན་དུ། ཨུ་རུ་སུ་དང་རྒྱ་ནག་གི་སྲིད་འཛིན་གཉིས་མཇལ་འཕྲད་གནང་ཞིང་། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ཚད་བཀག་མེད་ཅེས་བསྒྲགས་ཡོད་པ་དང་། དུས་དེ་ནས་བཟུང་འབྲེལ་ལམ་དེའི་འོག་ཕྱོགས་གཉིས་བར་དཔལ་འབྱོར་དང་ཕྱི་འབྲེལ་འགེབས་སྲུང་། དམག་དོན་མཉམ་ལས་བཅས་འབྲེལ་བ་རྒྱ་སྐྱེད་བཏང་བ་དེས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཛ་དྲག་གི་སེམས་འཚབ་བསླངས་ཡོད་འདུག
ཡིན་ཡང་རྒྱ་གཞུང་གིས་ད་བར་དམག་འཁྲུག་གི་ཐོག་བར་གནས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། སྐྱོན་བརྗོད་དག་ནི་གཞི་རྩ་མེད་པ་རེད་ཟེར་ནས་ཁས་ལེན་བྱས་མེད་ན་ཡང་། རྒྱ་གཞུང་གིས་གླས་དམག་གམ་དམག་མི་ཟུར་པ་(Michael) ལྟ་བུས་དམག་འཁྲུག་ཁྲོད་ཀྱི་ཉམས་མྱོང་རྣམས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བ་དག་ནག་བསུབ་བཏང་ཡོད་འདུག
ཡུག་རེན་གྱི་སྲིད་འཛིན་གྱིས་ཡོངས་གྲགས་ཀྱིས་རྒྱ་གཞུང་གིས་ཨུ་རུ་སུ་ལ་མེ་རྫས་སོགས་མཁོ་སྤྲོད་བྱས་པ་དང་། རྒྱ་ནག་གི་མི་སེར་ཡིན་པའི་མི་གྲངས་༡༥༠ ལྷག་ཨུ་རུ་སུ་ལ་རྒྱབ་སྐྱོར་ཆེད་དམག་འཁྲུག་ནང་ཞུགས་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།