ཨུ་རུ་སུའི་མི་མང་ཁྲི་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་འབྲོས་བཞིན་འདུག

ཟླ་འདིའི་ཚེས་༢༩ ཉིན་(AP) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དམག་འཁྲུག་གི་ནང་དུ་མཉམ་ཞུགས་བྱེད་འདོད་མེད་མཁན་ཨུ་རུ་སུའི་མི་མང་བརྒྱ་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༡ ཉིན་ཨུ་རུ་སུའི་སྲིད་འཛིན་གྱི་ཨུ་རུ་སུའི་ཟུར་བཀག་དམག་མི་མང་པོ་ཡོད་པའི་ནང་ནས་ཆ་ཤས་ཤིག་བསྡུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། དུས་དེ་ནས་བཟུང་དམག་ལ་ཞུགས་འདོད་མེད་པའི་ཨུ་རུ་སུའི་མི་མང་པོ་འཇོར་ཇི་ཡ་དང་ཁ་ཛག་སི་ཐན། ཧྥིན་ལན་ཌི་སོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་འབྲོས་བཞིན་ཡོད་པ་དང་། མི་མང་ཆེ་བ་ནི་རླངས་འཁོར་དང་ལྕགས་རྟ་བཞོན་ནས་བྲོལ་བྱོལ་དུ་འགྲོ་བ་དང་ཁ་ཤས་ནི་རྐང་ཐང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

འཇོར་ཇི་ཡའི་ནང་སྲིད་བློན་ཆེན་གྱིས་བདུན་ཕྲག་སྔ་མ་ནས་བཟུང་ད་བར་ཨུ་རུ་སུའི་མི་མང་༥༣༠༠༠། ལྷག་འཇོར་ཇི་ཡའི་ནང་དུ་བསླེབས་ཡོད་རབས་དང་། དེ་བཞིན་ཁ་ཛག་སི་ཐན་གྱི་ནང་སྲིད་བློན་ཆེན་གྱིས་ད་བར་ཨུ་རུ་སུའི་མི་མང་༩༨༠༠༠། ལྷག་ཁ་ཛག་སི་ཐན་གྱི་ནང་དུ་བསླེབས་ཡོད་རབས་བརྗོད་འདུག གཞན་ཡང་ཨུ་རུ་སུའི་མི་མང་༤༣༠༠༠། ཧྥིན་ལན་ཌི་ལ་འབྱོར་ཡོད་པ་དང་མི་མང་༣༠༠༠། ལྷག་སོག་ཡུལ་དུ་བསླེབས་ཡོད་པ་བཅས་ད་ལྟའི་ཆར་ཨུ་རུ་སུའི་མི་མང་ཁྱོན་བསྡོམས་༡༩༤༠༠༠། ལྷག་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་ཛག་སི་ཐན་དང་འཇོར་ཇི་ཡ་རྒྱལ་ཁབ་གཉིས་པོོ་ནི་དེ་སྔ་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན་པར་བརྟེན། ཨུ་རུ་སུའི་མི་སེར་ལག་ཁྱེར་ཡོད་ན། རྒྱལ་ཁབ་དེ་གཉིས་ཀྱི་ནང་དུ་འགྲོ་བ་ལ་ཕྱི་བསྐྱོད་ལག་ཁྱེར་དགོས་ཀྱི་མེད་ན་ཡང་། ཧྤིན་ལན་ཌི་དང་ནོར་ཝེ་སོགས་སུ་ཕྱིན་པ་ལ་ཕྱི་བསྐྱོད་ལག་ཁྱེར་དགོས་ཀྱི་ཡོད་འདུག

འཇོར་ཇི་ཡ་ཡིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་ཕྱི་ལོ་༢༠༠༨ ལོར་ཨུ་རུ་སུ་དང་འཇོར་ཇི་ཡའི་བར་དུ་དམག་འཁྲུག་ལངས་པའི་རྐྱེན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་པོ་མེད་པར་བརྟེན། འཇོར་ཇི་ཡའི་ཁ་གཏད་ཆབ་སྲིད་ཚོགས་པའི་ཆབ་སྲིད་མི་སྣ་དག་གིས་ཨུ་རུ་སུའི་མི་མང་ཚོ་བཀག་དགོས་ཀྱི་ཡོད་རབས་བརྗོད་ཡོད་ཀྱང་། ད་བར་འཇོར་ཇི་ཡའི་གཞུང་ངོས་ནས་གནས་ཚུལ་དེ་དང་འབྲེལ་བའི་ཐོག་ལ་ཐག་གཅོད་གང་ཡང་བྱས་མེད་པ་རེད་འདུག

ཨུ་རུ་སུ་དང་ཡུག་རེན་བར་དམག་འཐབ་བྱས་ནས་ད་བར་ཟླ་བ་བདུན་ལྷག་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ལས་ཨུ་རུ་སུ་ཕྲན་བུ་ཕམ་བཞིན་ཡོད་པ་བརྟེན། ཟླ་འདིའི་ཚེས་༢༡ ཉིན་ཨུ་རུ་སུ་སྲིད་འཛིན་གྱིས་ཨུ་རུ་སུའི་ཟུར་བཀག་དམག་མི་ཆ་ཤས་ཤིག་བསྡུ་རྒྱུ་ཡིན་རབས་བརྗོད་ཡོད་ལ། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་(Sergei Shoigu) ཡིས་ཨུ་རུ་སུ་ལ་ཟུར་བཀག་དམག་མི་ཁྱོན་བསྡོམས་ས་ཡ་༢༥ ཙམ་ཡོད་པའི་ནང་ནས་ད་ལྟའི་ཆར་དམག་མི་༣༠༠,༠༠༠། བསྡུ་རྒྱུ་ཡིན་རབས་དང་། གྲངས་འབོར་དེ་ནི་ཨུ་རུ་སུའི་ཟུར་བཀག་དམག་མིའི་བརྒྱ་ཆ་༡% མ་གཏོགས་ཟིན་གྱི་མེད་རབས་བརྗོད་ཡོད།

ཨུ་རུ་སུའི་སྲིད་འཛིན་གྱིས་དམག་མི་བསྡུ་རུབ་བྱེད་རྒྱུ་ཡི་གཏམ་བཤད་གནང་པའི་རྗེས་སུ། ཨུ་རུ་སུའི་གྲོང་ཁྱེར་༣༨ ཀྱི་ནང་དུ་ངོ་རྒོལ་གྱི་ལས་འགུལ་བརྩམས་ཡོད་པ་དང་། ཨུ་རུ་སུ་གཞུང་གིས་ལས་འགུལ་སྤེལ་་མཁན་གྱི་མི་མང་ཁྱོན་བསྡོམས་༡༣༠༠ ལྷག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། འདས་པའི་ལོ་ངོ་༧༧ གྱི་ཡ་སྔོན་གྱི་དམག་ཆེན་གཉིས་པའི་དུས་སུ་ཨུ་རུ་སུས་དམག་མི་བསྡུ་རུབ་བྱེད་མྱོང་ཡོད་པ་དང་། སྐབས་དེར་ལོ་ངོ་༡༩ དང་དེ་ལས་ལོ་ཆེ་བ་ཚང་མ་དམག་འཁྲུག་གི་ནང་དུ་མཉམ་ཞུགས་བྱེད་དགོས་པ་ཆགས་ཡོད་ཀྱང་། ད་ལྟའི་དམག་མི་བསྡུ་རུབ་ནི་ཆ་ཤས་ཤིག་ལས་ལོ་ངོ་༡༩ དང་དེ་ལས་ཆེ་བ་ཚང་མ་བསྡུ་རྒྱུ་མེད་པའི་སྐོར་བརྗོད་ཡོད་ཀྱང་། མི་མང་པོས་དམག་ཆེན་གཉིས་ཀྱི་སྐབས་སུ་དམག་མི་བསྡུ་རུབ་བྱས་པ་ཇི་བཞིན་མ་འོངས་པ་དམག་མི་བསྡུ་རུབ་བྱེད་སྲིད་པའི་ཐོག་ལ་དོགས་པ་དང་སེམས་འཚབ་བྱེད་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།