ཨུ་རུ་སུའི་མི་རིགས་གནས་དགོས་ན་ཨུ་རུ་སུའི་བུད་མེད་ཚོས་ཕྲུ་གུ་མང་ཙམ་སྐྱེས་དགོས་ཞེས་བརྗོད།
ཨུ་རུ་སུ་ལྟ་བུ་མཚོན་ན་ཡུག་རེན་དང་དམག་འཁྲུག་རྒྱག་འགོ་བཙུགས་པ་ནས་བཟུང་ཨུ་རུ་སུའི་ན་གཞོན་མང་པོས་དམག་འཁྲུག་ལ་ངོ་རྒོལ་དང་ཕྱིར་ཕྱོགས་སུ་བྲོས་པ། དམག་སའི་ཁྲོད་ཤི་རྨས་བྱུང་པ་སོགས་ཀྱིས་ཨུ་རུ་སུའི་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་འདུག

ཕྱི་ཚེས་༡༦ ་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཨུ་རུ་སུའི་བུད་མེད་ཚོས་ཕྲུ་གུ་མང་ཙམ་སྐྱེས་དགོས་པ་དང་། ཉུང་མཐའ་ལ་བུད་མེད་གཅིག་གིས་ཕྲུ་གུ་གཉིས་སྐྱེས་པ་ཡིན་ན། མ་འོངས་པ་ཨུ་རུ་སུའི་མི་རིགས་དེ་རྒྱུན་གནས་ཐུབ་རྒྱུ་ལ་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན་པ་བརྗོད་འདུག ཟླ་འདིའི་ཚེས་༡༥ ་ཉིན་པུ་ཌིན་གྱིས་བརྗོད་དོན་ལ། ཨུ་རུ་སུའི་རྒྱལ་ཁབ་དེ་གོང་འཕེལ་དུ་འགྲོ་དགོས་ན། ཁྱིམ་ཚང་རེ་རེའི་ནང་ལ་ཕྲུ་གུ་གང་མང་སྐྱེས་དགོས་པ་བརྗོད་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་བརྗོད་དོན་ལ། ཕྱི་ལོ་༢༠༢༢ ཟླ་བ་༢ པའི་ནང་ཡུག་རེན་དང་ཨུ་རུ་སུའི་བར་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་། ཨུ་རུ་སུའི་དམག་མི་ཕོན་ཆེན་ཤི་རྨས་བྱུང་ཡོད་ཀྱང་། ཨུ་རུ་སུས་གླེང་སློང་ནམ་ཡང་བྱེད་ཀྱི་མེད་པ་བརྗོད་འདུག དེ་བཞིན་ཨུ་རུ་སའི་ན་གཞོན་སྟོང་ཕྲག་མང་པོས་དམག་འཁྲུག་ལས་གཡོལ་ཐབས་ཆེད་དུ་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཕྱིན་ནས་ཨུ་རུ་སུའི་ནང་མི་འབོར་ཉུང་དུ་ཕྱིན་ཡོད་འདུག དཔེར་ན། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཁ་ཛག་སི་ཐན་(Kazakhst)་ནང་ཕྱི་ལོ་༢༠༢༢ ཟླ་བ་༡༢ ་བར་ཨུ་རུ་སུའི་མི་སེར་སྐྱབས་བཅོལ་བ་༢༠༠,༠༠༠ ་འབྱོར་ཡོད་པ་དང་། འཇོར་ཇི་ཡ་(Georgia)་ཞེས་པའི་ནང་མི་གྲངས་༦༨,༨༨༧ འབྱོར་ཡོད་པ་བརྗོད་འདུག དེའི་རྗེས་སུ་ཨུ་རུ་སུས་དམག་མི་མང་དུ་བསྡུ་རྒྱུའི་གསལ་བསྒྲགས་སྤེལ་བར་བརྟེན། མི་མང་ཕོན་ཆེན་རྒྱལ་ཁབ་གཞན་ལ་བྱོས་བྱོལ་དུ་ཕྱིན་ཡོད་འདུག
སྲིད་འཛིན་པུ་ཌིན་གྱིས་ཉེ་ཆར་མེ་སྒྱོགས་བཟོ་གྲྭའི་ནང་གི་ལས་མི་ཚོ་ལ། མ་འོངས་པའི་ཨུ་རུ་སུའི་མི་རིགས་ཀྱི་ངོ་བོ་གནས་ཐབས་སུ་ལས་མི་ཚོས་ངེས་པ་དུ་ཕྲུ་གུ་གཉིས་རེ་སྐྱེས་རྒྱུ་གལ་ཆེན་པོ་ཡིན་པ་བརྗོད་འདུག གཞན་ཡང་གལ་སྲིད་མ་འོངས་པ་ཨུ་རུ་སུའི་བུད་མེད་ཚོས་ཕྲུ་གུ་གཅིག་ལས་མ་སྐྱེས་ཚེས་ཨུ་རུ་སུའི་མི་འབོར་ཉུང་དུ་འགྲོ་རྒྱུ་ཡིན་པ་ངེས་པ་རེད་ཅེས་དང་། ད་ཆར་སྲིད་འཛིན་པུ་ཌིན་གྱིས་ཁོ་རང་ཉིད་ནི་ཨུ་རུ་སུའི་སྲོལ་རྒྱུན་རིག་གནས་དང་ཡེ་ཤུ་ཆོས་ལུགས་ཁྲོད་ཀྱི་ལྟ་བ་མཁྲིགས་འཛིན་པའི་རྗེས་འབྲང་པ་དེ་ཡིན་པ་བརྗོད་ཀྱི་ཡོད་འདུག སྲིད་འཛིན་པུ་ཌིན་གྱིས་སྲིད་དབང་བཟུང་པའི་འདས་པའི་ལོ་༢༤ རིང་། ཕོ་མོའི་ཆགས་སྤྱོད་དང་འབྲེལ་བའི་གནད་དོན་དག་སྤྱི་ཚོགས་ཁྲོད་གླེང་སློང་བྱེད་བཅུག་གི་མེད་པ་དང་། ཕོ་མོ་གཉིས་ལས་གཞན། མ་ནིང་(LGBT) ་ལྟ་བུ་དག་མེད་པ་བཟོ་བཞིན་ཡོད་འདུག ལོ་སྔོན་མ་ཕྱི་ཟླ་༡༡ ་ནང་ཨུ་རུ་སུ་རྒྱལ་ཡོངས་ནང་མི་འབོར་འཕེལ་རྒྱས་གཏོང་དགོས་པ་དང་བུད་མེད་གཅིག་གིས་ཕྲུ་གུ་བརྒྱད་སྐྱེས་དགོས་པ་བརྗོད་འདུག ཨུ་རུ་སུ་ལྟ་བུ་མཚོན་ན་ལོ་ངོ་བཅུ་ཕྲག་གཉིས་ཀྱི་གོང་ནས་མི་འབོར་ཉུང་དུ་ཕྱིན་ཡོད་འདུག་པ་དང་། ཕྱི་ལོ་༢༠༢༣ ནང་ཨུ་རུ་སུའི་མི་འབོར་ས་ཡ་༡༦༩ ནས་ས་ཡ་༡༤༦་༤ ་བར་མར་ཆགས་ནས་ཉུང་དུ་ཕྱིན་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།