ཨུ་རུ་སུའི་ཡུལ་སྐོར་བ་རང་ཡུལ་དུ་ལོག་རྒྱུའི་དཀའ་ངལ།
དེ་རིང་སྦི་སྦི་གསར་ཁང་དུ་གནས་ཚུལ་ཐོན་པ་ལྟར། ཐེ་ལན་ཊིའི་རྒྱལ་ཁབ་ནང་དུ་ཡོད་པའི་ཨུ་རུ་སུའི་ཡུལ་སྐོར་བ་མང་པོ་ཞིག་ཡུ་ཨུ་དམག་འཐབ་རྗེས་རང་ཉིད་ཀྱི་རྒྱལ་ཁབ་དུ་ལོག་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་འདུག
ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ལྷོ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་མང་པོ་ཞིག་ལ་དཔལ་འབྱོར་གྱི་ཡོང་ཁུངས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། ཐེ་ལན་ཊིའི་ནང་དུ་ཡོད་པའི་གླིང་ཕྲན་ (Phuket) ནི་འཛམ་གླིང་ནང་སྐད་གྲགས་ཅན་གྱི་ཡུལ་སྐོར་བའི་ལྟེ་གནས་ཤིག་ཡིན་པས། ལོ་ལྟར་ཕྱི་གླིང་ཡུལ་གྲུ་ཁག་ནས་ཡུལ་སྐོར་བ་ས་ཡ་བདུན་ལྷག་སླེབས་བཞིན་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་དམ་དྲག་འོག་རྒྱལ་ཁབ་གཞན་ནས་ཡོང་བའི་མི་སུ་འདྲ་ཞིག་ཡིན་རུང་ཟུར་བཀག་དགོས་རྒྱུའི་བཀག་སྡོམ་གྱི་རྐྱེན་པས་ཡུལ་སྐོར་བ་འབུམ་གཉིས་ལྷག་ཉུང་དུ་འགྲོ་བཞིན་ཡོད་དེས་ཐེ་ལན་ཊི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་ཁུངས་ལ་ཉམས་ཆག་འགྲོ་བཞིན་ཡོད་འདུག
ཐེ་ལན་ཊིའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཕྱི་གླིང་ཡུལ་གྲུ་ཁག་གི་ཡུལ་སྐོར་བ་དང་རྒྱ་ནག་བཅས་ནས་ཡིན་པས། སྔ་ལོར་ཏོག་དབྱིབས་དམ་དྲག་གུ་ཡངས་སུ་བཏང་ཡོད་ཀྱང་། ཡུལ་སྐོར་བ་རྣམས་ད་དུང་ཡང་འགྲུལ་བཞུད་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། ད་ལྟ་ཐེ་ལན་ཊིའི་ནང་ཨུ་རུ་སུའི་ཡུལ་སྐོར་བ་མང་ཤོས་ཆགས་ཡོད་འདུག་ལ། ཟླ་བ་༡༢ པའི་ནང་ལ་ཨུ་རུ་སུའི་ཡུལ་སྐོར་བ་༡༧༠༠༠ ལྷག་གླིང་ཕྲན་ (Phuket) ནང་སླེབས་ཡོད་འདུག
ཟླ་༢ ཚེས་༢༤ ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་བརྙན་འཕྲིན་ཐད་གཏོང་བརྒྱུད་ཡུ་ཀེ་རེན་དུ་དམིགས་བསལ་དམག་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་རྗེས། ཉིན་དེའི་ཞོགས་པར་ཨུ་རུ་སུའི་དྲག་པོའི་དམག་དཔུང་གིས་ཡུ་ཀེ་རེན་ལ་བཙན་འཛུལ་བྱེད་འགོ་ཚུགས་ནས་ད་བར་ཟླ་ངོ་གཅིག་ཙམ་རིང་དམག་འཐབ་བྱེད་བཞིན་པའི་སྐབས་དེར། ཨ་རི་གཙོས་པའི་ཡུ་རོབ་མཐུན་ཚོགས་དང་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་གིས་ཨུ་རུ་སུའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་དང་འགྲུལ་སྐྱེལ་གནམ་གྲུ་ཁག་ལ་དམ་དྲག་བྱེད་པའི་དབང་གིས་ཨུ་རུ་སུའི་ཡུལ་སྐོར་སྤྲོ་འཆམ་པ་༧༠༠༠ ལྷག་རང་གནས་སུ་ལོག་རྒྱུའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
ད་ལྟ་ཐེ་ལན་ཊི་ནང་དུ་ཡོད་པའི་ཨུ་རུ་སུའི་ཡུལ་སྐོར་བ་རྣམས་ལ་དཀའ་ངལ་ཆེ་ཤོས་ནི་དངུལ་གྱི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ཉིན་རེའི་ཟས་སྡོད་ཀྱི་འགྲོ་གྲོན་གཏོང་མི་ཐུབ་པའི་གནས་སྟངས་སུ་འགྱུར་ཡོད་འདུག སྐབས་དེར་གསར་འགོད་པས་ཨུ་རུ་སུའི་ཡུལ་སྐོར་བ་ཁག་ཅིག་ལ་དྲི་བ་གཏོང་སྐབས། ལན་གང་ཡང་བརྒྱབ་མི་འདུག་ཀྱང་། ཁྱོ་ཤུག་གཉིས་ཀྱིས་གསར་འགོད་པར་རང་ཉིད་ཀྱི་ངོ་རྟགས་གསང་བ་བྱས་ཚེ་དྲི་བར་ལན་འདེབས་བྱེད་རྒྱུའི་ཁས་ལེན་བྱས་རྗེས། ཁོང་གིས་གསུང་དོན་ལ། ངེད་གཉིས་ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱེད་པའི་ཉིན་དེར་མོ་སོ་ཀོ་ནས་གླིང་ཕྲན་ (Phuket) ལ་ཡུལ་སྐོར་དུ་སླེབས་པ་ཡིན། ད་ལྟ་ཐེ་ལན་ཊི་ནང་དུ་གྲོན་དངུལ་མ་རྫོགས་བར་སྡོད་ཀྱི་ཡིན། གྲོན་དངུལ་ཆེད་དངུལ་ཁང་གཅིག་ནས་གཅིག་བརྒྱུད་དངུལ་ལེན་ཐབས་བྱས་ཀྱང་ལེན་ཐུབ་ཀྱི་མི་འདུག་ཅེས་གསུངས་སོང་།
དེ་བཞིན་ད་རེས་ཀྱི་དམག་འཁྲུག་དེའི་རྐྱེན་པས་ཨུ་རུ་སུའི་ཕྱི་ནང་གཉིས་ཀྱི་མི་མང་ལ་ཉིན་རེའི་འཚོ་སྡོད་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་མ་ཟད། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་བའི་རྗེས། ཨུ་རུ་སུའི་འཛའ་དངུལ་རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་ནང་འཛའ་ཆག་བཞིན་ཡོད་པ་དེར། ཨུ་རུ་སུ་ལ་མཚོན་ན་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་བྱུང་བཞིན་ཡོད།།
གསར་འགོད་པ། བསྟན་འཛིན་ཆོས་གྲགས།