ཨུ་རུ་སུའི་ས་འོག་མེ་འཁོར་འབབ་ཚུགས་སུ་དྲག་རྒོལ།
ཨུ་རུ་སུར་འབར་གས་ཀྱི་དོན་རྐྱེན་ཁྲོད་མི་༡༤ ཡི་ཚེ་སྲོག་ཤོར་ཡོད་པ་དང་ཉུང་མཐར་༤༥ ལ་རྨས་སྐྱོན་ཕོག་ཡོད་པ་དེ་ནི་ཁིར་གྷེ་སི་ཐན་གྱི་མི་རིགས་ཡིན་པ་གང་ཞིག་ལ་ཨུ་རུ་སུའི་ནང་གནས་སྡོད་དང་མི་སེར་ལག་འཁྱེར་ཡོད་མཁན་ཞིག་གིས་བྱས་པར་དོགས་པ་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༤ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་རུ་གྱུར་པའི་སེན་ཊིའི་པི་ཊིར་སི་བྷག་གི་ས་འོག་གི་མེ་འཁོར་འབབ་ཚུགས་ཤིག་ཏུ་ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་ཉིན་རྒྱབ་ས་གནས་ཀྱི་ཆུ་ཚོད་༢ དང་སྐར་མ་༣༠ ཐོག་འབར་རྫས་སྤར་ནས་མི་༡༤ ཡི་ཚེ་སྲོག་ཤོར་ཡོད་ཅིང་། ཉུང་མཐར་མི་༤༥ ལ་རྨས་སྐྱོན་ཕོག་ཡོད་འདུག དེ་ནི་ཁིར་གྷེ་སི་ཐན་གྱི་མི་རིགས་ཡིན་པ་གང་ཞིག་ལ་ཨུ་རུ་སུའི་ནང་གནས་སྡོད་བྱེད་མཁན་དང་ཨུ་རུ་སུའི་མི་སེར་ལག་འཁྱེར་ཡོད་མཁན་ཞིག་ལ་དོགས་གཞི་བྱུང་ཡོད་པ་དང་། དེར་སེན་ཊིའི་པེར་ཊིར་སི་བྷག་ནང་གཞུང་འབྲེལ་གྱིས་ཉིན་༣ རིང་མྱ་ངན་ཞུ་རྒྱུ་བསྒྲགས་ཡོད་འདུག
ཐོག་མར་གནས་ཚུལ་བྱུང་སྐབས་གྲོང་ཁྱེར་དེའི་ནང་གི་ས་འོག་མེ་འཁོར་འབབ་ཚུགས་གཉིས་ནང་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། རྗེས་སུ་ཨོ་རུ་སུ་རྒྱལ་ཡོངས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་ལྷན་ཚོགས་ཀྱིས་མེ་འཁོར་འབབ་ཚུགས་གཉིས་ཀྱི་བར་ན་འགྲུལ་བསྐྱོད་བྱེད་བཞིན་པའི་མེ་འཁོར་ཞིག་གི་ཁང་མིག་ཅིག་ནང་འབར་གས་ཀྱི་དོན་རྐྱེན་གཅིག་བྱུང་ཡོད་པ་ལས་ས་གནས་གཉིས་སུ་བྱུང་མེད་པ་གསལ་བཤད་བྱས་ཡོད་འདུག
ཨུ་རུ་སུའི་གསང་ལས་ཚན་པས་དོན་རྐྱེན་དེའི་སྐོར་གནས་ཚུལ་ཞིབ་ཕྲ་ཁག་ཅིག་མ་གཏོགས་ཕྱིར་བསྒྲགས་བྱས་མེད་ཁར། ད་ལྟའི་ཆར་འཇིགས་སྐུལ་ཚོགས་པ་སུ་གང་གིས་དྲག་རྒོལ་དེར་འགན་ལེན་བྱས་མེད་འདུག འོན་ཀྱང་། ཁིར་གྷེ་སི་ཐན་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཁོ་རང་ཚོའི་གཞུང་གིས་ཨུ་རུ་སུའི་གསང་ལས་ཚན་པ་དང་འབྲེལ་བ་མུ་མཐུད་བཟུང་ནས་འབར་གས་ཀྱི་གནད་དོན་སྐོར་ཞིབ་ཕྲའི་བརྟག་དཔྱད་བྱེད་ཀྱི་ཡིན་སྐོར་འཁོད་ཡོད་འདུག
འབར་གས་ཀྱི་གཏོར་སྐྱོན་བྱུང་བའི་ཉིན་དེར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྲོང་ཁྱེར་དེ་གར་ཡོད་པ་དང་། ཉིན་དེའི་དགོང་མོ་རང་ལ་གནས་ཚུལ་བྱུང་ས་ལ་ལྟ་སྐོར་དུ་བསྐྱོད་ནས་དོན་རྐྱེན་བྱུང་ས་ལ་མྱ་ངན་གྱི་མེ་ཏོག་ཕུལ་བ་བཅས་བྱས་ཡོད་འདུག
གནས་ཚུལ་དེ་བྱུང་རྗེས་ཨ་རིའི་ཕོ་བྲང་དཀར་པོ་ནས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་པུ་ཊིན་ལ་ཁ་པར་ཐོག་ནས། གནད་དོན་དེའི་འགན་སུ་ལ་ཡོད་ན་དེ་ལ་ཉེས་པ་གཏང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་སྐོར་བརྗོད་ཡོད་འདུག དེ་བཞིན་བསྒྲགས་གཏམ་ཞིག་ནང་འཁོད་པ་ལྟར་ན་ཌོ་ནལ་ཊོམ་དང་པུ་ཊིན་གཉིས་ཀས་འཇིགས་སྐུལ་རིང་ལུགས་ངེས་པར་དུ་གང་མགྱོགས་ཕམ་ཉེས་གཏོང་རྒྱུར་མོས་མཐུན་ཡོད་སྐོར་འདུག གཞན་ཡང་འཇར་མན་གྱི་སྲིད་བློན་ཨེན་ཇི་ལ་མར་ཁེལ་གྱིས་ཀྱང་། འབར་གས་གཏོར་སྐྱོན་གྱི་བྱ་བ་ནི་ཀླ་ཀློའི་བྱ་སྤྱོད་རེད་ཅེས་བརྗོད་ཡོད་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཕྱི་འབྲེལ་སྲིད་ཇུས་ཀྱི་འགན་འཛིན་མོ་གྷེ་རི་ནི་ཡིས་ཡུ་རོབ་བ་ཚོས་ཀྱང་ཨུ་རུ་སུའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་བཅས་བརྗོད་པ་སོགས་འཛམ་གླིང་གི་འགོ་ཁྲིད་ཚོས་འབར་གས་ཀྱི་དོན་རྐྱེན་དེར་ཉེས་འཛུགས་དང་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག
ཨུ་རུ་སུའི་རྒྱལ་ཡོངས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཨེན་ཌི་རིས་ངོས་འཛིན་བྱས་མ་ཐུབ་པའི་ཡོ་ཆས་ཞིག་བེད་སྤྱོད་བྱས་ནས་འབར་གས་ཀྱི་དོན་རྐྱེན་བཟོས་ཡོད་སྐོར་བརྗོད་ཡོད་འདུག
དེ་མཚུངས་སུ་ས་འོག་མེ་འཁོར་འབབ་ཚུགས་གཞན་ཞིག་ཏུའང་འབར་གས་ཀྱི་ཡོ་ཆས་ཞིག་བཞག་ཡོད་པ་འཚོལ་རྙེད་བྱུང་ནས་ནུས་མེད་བཟོས་ཟིན་ཡོད་འདུག
འབར་རྫས་སྤར་མཁན་ཁོ་རང་ཡང་གས་འཐོར་གྱི་དོན་རྐྱེན་རང་གི་ཁྲོད་ནས་རང་ཤི་བརྒྱབས་ཡོད་འདུག་ཀྱང་། ཤུལ་ལུས་དངོས་པོ་རྣམས་ལ་བརྟེན་ནས་ཁོ་རང་སུ་ཡིན་མིན་རྩད་གཅོད་བྱུང་ཡོད་པ་དང་། བརྒྱུད་ལམ་གཞན་ཞིག་གི་བཤད་པ་ལྟར་ན་འབར་གས་ཀྱི་དོན་རྐྱེན་དེའི་ནང་བུད་མེད་ཅིག་ཀྱང་ཕལ་ཆེར་ཚུད་ཡོད་སྲིད་སྐོར་འདུག
ཨུ་རུ་སུའི་བདེ་སྲུང་དང་གསང་ལས་ཁང་སོགས་ཀྱིས་འབར་གས་གཏོར་མཁན་གྱི་ཤུལ་ལུས་ཅ་དངོས་དང་། འབབ་ཚུགས་གཞན་ཞིག་ནང་འཐོར་གས་མ་ཤོར་བའི་འབར་རྫས་གཞན་ཞིག་སྦས་ཡོད་པ་བཅས་བརྒྱུད་ནས་བརྟག་དཔྱད་ཞིབ་ཕྲ་བྱས་དང་བྱེད་བཞིན་པ་ཡིན་པ་དང་། ཁོ་ཚོས་བརྟག་དཔྱད་བྱེད་སྐབས་ཨ་ཡེ་ཨེ་སི་འཇིགས་སྐུལ་རིང་ལུགས་ཚོགས་པས་རྒྱུད་སྐུལ་བྱས་པའི་གང་ཟག་དང་། ཉེ་ཆར་སི་རི་ཡའི་ནང་ཨུ་རུ་སུའི་གནམ་གྲུ་བརྡབ་སྐྱོན་ཤོར་ཡོད་པ་དེའི་གནད་དོན་གཉིས་དང་འབྲེལ་ནས་ད་ཐེངས་ཀྱི་འབར་གས་དོན་རྐྱེན་དེ་བྱུང་བ་ཡིན་པའི་དོགས་ཟོན་གྱིས་དཔྱད་ཞིབ་བྱེད་བཞིན་མཆིས་ཀྱང་། ད་ཆར་གཏན་འཁེལ་བའི་ཐོག་ནས་དེ་གཉིས་གང་རུང་ཞིག་ཡིན་སྐོར་གང་ཡང་བརྗོད་མེད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།