ཨུ་རུ་སུའི་སྲིད་འཛིན་གྱིས་ཡུག་རེན་གྱི་སྲིད་འཛིན་དང་དངོས་སུ་ཐུག་སྲིད་དམ།
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡུག་རེན་གྱི་སྲིད་འཛིན་ལ་ཨུ་རུ་སུའི་དབུ་ཁྲིད་ཀྱིས་ཞི་བའི་གྲོས་མོལ་གནང་རྒྱུའི་གྲོས་འགོ་བཏོན་པར་འཕྲལ་དུ་དང་ལེན་བྱེད་དགོས་པའི་སྐུལ་མ་ནན་པོ་གནང་རྗེས། ཡུག་རེན་གྱི་སྲིད་འཛིན་གྱིས་ཁོང་ཉིད་བདུན་འདིའི་ནང་ཨུ་རུ་སུའི་སྲིད་འཛིན་དང་མཇལ་འཕྲད་གནང་རྒྱུ་ལ་གྲ་སྒྲིག་ཡོད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༢ ཉིན། དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་གྱིས་ཡུག་རེན་གྱི་སྲིད་འཛིན་ལ་ཨུ་རུ་སུའི་དབུ་ཁྲིད་ཀྱིས་ཞི་བའི་གྲོས་མོལ་གནང་རྒྱུའི་གྲོས་འགོ་བཏོན་པར་འཕྲལ་དུ་དང་ལེན་བྱེད་དགོས་པའི་སྐུལ་མ་ནན་པོ་གནང་རྗེས། ཡུག་རེན་གྱི་སྲིད་འཛིན་གྱིས་ཁོང་ཉིད་བདུན་འདིའི་ནང་ཨུ་རུ་སུའི་སྲིད་འཛིན་དང་མཇལ་འཕྲད་གནང་རྒྱུ་ལ་གྲ་སྒྲིག་ཡོད་ཅེས་བརྗོད་ཡོད་འདུག
བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། ཡུག་རེན་གྱི་མཐུན་ཕྱོགས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་རྣམས་ཡུག་རེན་གྱི་རྒྱལ་ས་ལ་མཇལ་འཕྲད་གནང་རྗེས། འབྱུང་འགྱུར་ཉིན་གྲངས་༣༠ རིང་། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་མེ་འཕེན་མཚམས་འཇོག་གི་གྲོས་འགོ་ཞིག་བཏོན་ཡོད་པ་དང་། གལ་སྲིད་ཨུ་རུ་སུས་བདུན་འདིའི་རེས་གཟའ་ཟླ་བའི་སྔོན། ཁས་ལེན་མ་བྱས་ཚེ། ཨུ་རུ་སུ་ལ་ཉེས་ཆད་ཆེ་རུ་གཅོད་རྒྱུ་དང་ཡུག་རེན་ལ་གོ་མཚོན་མཁོ་སྤྲོད་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག
རེས་གཟའ་ཉི་མའི་ཞོགས་པར། ས་གནས་ཀྱི་ཆུ་ཚོད་༢:༠༠ ཐོག་ཨུ་རུ་སུས་དེར་ཁས་ལེན་མེད་ཅེས་ཡ་ལན་བྱས་ཡོད་པའི་ཐོག ཨུ་རུ་སུས་ཐད་ཀར་ཡུག་རེན་དང་གྲོས་མོལ་བྱེད་རྒྱུ་ལ་གྲ་སྒྲིག་ཡོད་ཅེས་བརྗོད་འདུག
ཟླ་འདིའི་ཚེས་༡༢ ཉིན། ཡུག་རེན་གྱི་སྲིད་འཛིན་གྱིས་ཀྱང་ཨིག་སི་དྲྭ་ལམ་ཐོག་ཏུ། ཡུག་རེན་གྱིས་དེ་སྔ་ནས་གྲོས་འགོ་འདི་བཏོན་ཡོད་པ་དང་ཁོང་ཚོའི་མཐུན་ཕྱོགས་ཚོས་ཀྱང་གྲོས་འགོ་འདོན་བཞིན་ཡོད་པ་མ་ཟད། འཛམ་གླིང་ཡོངས་ཀྱིས་དེར་འབོད་སྐུལ་ཞུ་བཞིན་ཡོད་པ་དང།
ཡུག་རེན་གྱིས་ཨུ་རུ་སུ་ནས་ལན་གསལ་པོ་ཞིག་སྒུག་བཞིན་ཡོད་པས། ཨུ་རུ་སུས་གང་ལྟར་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་འདི་མཚམས་འཇོག་དགོས་ངེས་རེད་ཅེས་དང་།
རྣམ་པ་ག་འདྲ་ཞིག་ཡིན་རུང་། ཡུག་རེན་ལ་གྲོས་མོལ་ནང་ཞུགས་རྒྱུར་དཀའ་ངལ་མེད་ཅིང་གྲ་སྒྲིག་ཡོད་པ་དང། དེ་བཞིན་ཡུག་རེན་སྲིད་འཛིན་གྱིས་༼ང་ཟླ་འདིའི་ཚེས་༡༥ རེས་གཟའ་ཕུར་བུའི་ཉིན་ཏུར་ཀི་ལ་འབྱོར་གྱི་རེད། ངས་པུ་ཊིན་ཡང་ཏུར་ཀི་ལ་དངོས་སུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། ཐེངས་འདིར་པུ་ཊིན་གྱིས་ཡོང་མ་ཐུབ་པའི་ཁག་འདོགས་མི་བྱེད་པའི་རེ་བ་ཡོད། ང་ཚོ་ལ་གྲོས་མོལ་བྱེད་རྒྱུ་དང་། དམག་འཁྲུག་འདི་མཚམས་འཇོག་རྒྱུ་ལ་གྲ་སྒྲིག་ཡོད་ཅེས་༽ བཀོད་འདུག
ཕྱི་ལོ་༢༠༢༢ ནས་ཕྱོགས་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་བཟུང་ད་བར་ལོ་ངོ་གསུམ་ལྷག་ཕྱིན་ཡོད་པ་དང་། ད་ལྟའི་བར་ཕྱོགས་གཉིས་ཀས་རང་ཕྱོགས་ཀྱི་དམག་མིའི་ཤི་གྲངས་ཉུང་དུ་བསྒྲགས་པ་དང་། ཕ་རོལ་པོའི་ཤི་གྲངས་མང་དུ་བསྒྲགས་པ། དེ་བཞིན། དམག་འཁྲུག་ཁྲོད་གྲངས་བཤེར་བྱེད་རྒྱུའི་དཀའ་ངལ་སོགས་ལ་བརྟེན། དམག་མིའི་ཤི་གྲངས་གནད་ལ་འཁེལ་བ་ཞིག་ཤེས་རྒྱུ་དཀའ་ན་ཡང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཞིབ་འཇུག་ཚོགས་པ་ཁག་གིས་ཕྱོགས་གཉིས་ཀའི་དམག་མི་འབུམ་གཉིས་ཙམ་ཤི་རྨས་བྱུང་ཡོད་པ་ཚོད་དཔག་བྱས་ཡོད་འདུག
དེ་བཞིན་དམག་འཁྲུག་དེའི་དབང་གིས་འཛམ་གླིང་ཡོངས་སུ་འབྲུ་རིགས་ཀྱི་རིན་གོང་འཕར་བ་དང་སྐྱབས་བཅོལ་བའི་གྲངས་འབོར་མང་དུ་ཕྱིན་པ། ནུབ་ཕྱོགས་དང་ཨུ་རུ་སུའི་བར་འགལ་ཟླ་ཇེ་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་ཁག་གིས་རྒྱལ་སྲུང་གི་འགྲོ་གྲོན་མང་དུ་གཏོང་དགོས་བྱུང་བ། དམག་འཁྲུག་དང་དཔལ་འབྱོར་གྱི་ཉེས་ཆད་ཀྱིས་འཛམ་གླིང་གི་ཚོང་འབྲེལ་དང་མཁོ་སྤྲོད་འབྲེལ་ཐག་༼Supply Chain༽ མང་པོར་བར་ཆད་བཟོས་པ་སོགས་ཀྱི་དཀའ་ངལ་བྱུང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།