ཨུ་རུ་སུའི་སྲིད་འཛིན་གྱིས་ཧྥིན་ལན་ཌི་དང་སུ་ཌན་གཉིས་ལ་ཉེན་བརྡ་བཏང།

ཟླ་འདིའི་ཚེས་༣༠ ཉིན་ཧྥིན་ལན་ཌི་དང་སུ་ཌན་རྒྱལ་ཁབ་གཉིས་ནང་དུ་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་འགྲེམས་འཇོག་བྱེད་པའམ་རྨང་གཞིའི་འཛུགས་སྐྲུན་བྱས་ཚེ་ཨུ་རུ་སུའི་ངོས་ནས་ཡ་ལན་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

དེ་རིང་ཨུ་རུ་སུའི་སྲིད་འཛིན་གྱིས་བརྙན་འཕྲིན་ཐད་གཏོང་བརྒྱུད་ནས་ཧྥིན་ལན་ཌི་དང་སུ་ཌན་རྒྱལ་ཁབ་གཉིས་པོ་བྱང་ཆིངས་རྩ་འཛུགས་ནང་དུ་མཉམ་བཞུགས་བྱེད་རྒྱུ་དེ་ནི་སོ་སོའི་རང་དབང་ཡིན་པས། དེ་ལ་ཨུ་རུ་སུའི་ཕྱོགས་ནས་རྩོད་གཞི་གང་ཡང་མེད་ལུགས་བརྗོད་འདུག འོན་ཀྱང་བྱང་ཆིངས་རྩ་འཛུགས་ཁག་གི་དམག་དཔུང་རྒྱལ་ཁབ་དེ་གཉིས་ནང་དུ་འགྲེམས་འཇོག་བྱེད་པའམ་རྨང་གཞིའི་འཛུགས་སྐྲུན་སོགས་བྱས་ཚེ། དེ་ནི་ཨུ་རུ་སུ་ལ་འཇིགས་སྐུལ་བྱེད་རྒྱུའི་རྣམ་པ་ཡིན་པས། ཨུ་རུ་སུའི་ངོས་ནས་དེ་ལ་ཡ་ལན་བྱེད་རྒྱུ་ཡིན་པ་བརྗོད་འདུག

ཨུ་རུ་སུས་ཡུ་ཀེ་རེན་ལ་དམག་བརྒྱབ་པའི་རྗེས། ཧྥིན་ལན་ཌི་དང་སུ་ཌན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་བཞུགས་བྱ་རྒྱུའི་གསལ་བསྒྲགས་ཞིག་ཕྱི་ཟླ་༥ ནང་དུ་སྤེལ་ཡོད་ཀྱང་། སྐབས་དེར་བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཏུར་ཁེ་ནས་དེ་ལ་དགག་པ་བྱས་པའི་རྐྱེན་གྱིས་ད་བར་བྱང་ཆིངས་རྩ་འཛུགས་ནང་མཉམ་ཞུགས་བྱེད་ཐུབ་མེད། བྱང་ཆིངས་རྩ་འཛུགས་ཀྱི་སྒྲིག་འཛུགས་ནང་དུ་མཉམ་ཞུགས་བྱེད་རྒྱུར་ཚོགས་མི་རྒྱལ་ཁབ་༣༠ ཡིས་རྒྱབ་སྐྱོར་དགོས་ཀྱི་ཡོད་འདུག

ཟླ་འདིའི་ཚེས་༢༦ ཉིན་ཏུར་ཁེ་སྲིད་འཛིན་དང་། ཧྥིན་ལན་ཌི་ཡི་སྲིད་འཛིན། སུ་ཌན་གྱི་སྲིད་བློན་བཅས་ལྷན་འཛོམས་བྱས་པའི་སྐབས་རྒྱལ་ཁབ་གསུམ་གྱི་བདེ་འཇགས་ཐོག་ཕན་ཚུན་སྲུང་སྐྱོབ་བྱེད་རེས་བྱེད་རྒྱུའི་ཆིངས་ཡིག་བཞག་པའི་རྗེས། ཏུར་ཁི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེ་གཉིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་བཞུགས་བྱེད་རྒྱུ་ལ་རྒྱབ་སྐྱོར་བྱས་འདུག

དེ་ཡང་ཏུར་ཁི་རྒྱལ་ཁབ་ཀྱི་ཧྥིན་ལན་ཌི་དང་སུ་ཌན་རྒྱལ་ཁབ་གཉིས་པོ་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་བཞུགས་བྱེད་རྒྱུར་དགག་པ་བྱེད་དགོས་དོན་ནི། རྒྱལ་ཁབ་དེ་གཉིས་ཀྱི་ཏུར་ཁི་རྒྱལ་ཁབ་ནང་དུ་ཡོད་པའི་དྲག་སྤྱོད་པའི་སྒྲིག་འཛུགས་(PKK) ཀར་ཌི་ཤི་(Kurdish) དམག་དཔུང་ལ་གོ་མཚོན་ཕྱིར་ཚོང་བྱས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་འདུག །

གསར་འགོད་པ་ཆོས་གྲགས།

Share this:

Leave a Reply