ཨུ་རུ་སུར་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཐོག་གི་ཉམས་ཞིབ་རྐུ་ཐབས་བྱས་པའི་ཉེས་འཛུགས།
རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བཟོ་སྐྲུན་གྱི་འགྲན་རྩོད་ཆེན་པོ་འགྲོ་བཞིན་པའི་སྐབས་དེར། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུར་སྔོན་འགོག་སྨན་ཁབ་ཀྱི་ཉམས་ཞིབ་དྲ་ཐོག་ནས་རྐུ་ཐབས་བྱེད་བཞིན་ཡོད་པའི་ཉེས་འཛུགས་བྱས་འདུག་ཀྱང་། ཨུ་རུ་སུས་ངོས་ལེན་བྱས་མི་འདུག
ཟླ་༧ པའི་ཚེས་༡༧ ཉིན་རྒྱལ་སྤྱིིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ་བཅས་ཀྱི་གསང་བའི་ལས་ཁུངས་ཁག་གིས། རྒྱལ་ཁབ་དེ་དག་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོ་སྐྲུན་བྱེད་ཆེད་དུ་ཉམས་ཞིབ་བྱེད་མཁན་ཤེས་ཡོན་སྡེ་ཚན་དང་ཚོང་ལས་ཁང་ཁག་ཏུ། ཨུ་རུ་སུ་གཞུང་དང་འབྲེལ་བ་ཡོད་པའི་དྲ་ཐོག་འཇབ་རྒོལ་རུ་ཁག་གིས་དྲ་ཐོག་ནས་འཇབ་རྒོལ་བྱས་ཏེ། ཉམས་ཞིབ་ཀྱི་ཡིག་ཆ་རྐུ་ཐབས་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག
དེ་ཡང་ཉེས་འཛུགས་བྱེད་ཡུལ་གྱི་དྲ་ཐོག་འཇབ་རྒོལ་རུ་ཁག་དེ་ནི་ཨུ་རུ་སུའི་གསང་བའི་ལས་ཁང་གི་སྡེ་ཚན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཁར། ཕྱི་ལོ་༢༠༡༦ ལོར་ཨ་རིའི་མང་གཙོ་ཚོགས་པའི་གློག་ཀླད་ཁག་ཏུ་འཇབ་རྒོལ་བྱས་ཏེ། སྐབས་དེའི་སྲིད་འཛིན་འོས་མི་ལྕམ་ཧཱེ་ལ་རཱི་ལ་གནོད་པའི་གློག་འཕྲིན་མང་པོ་བརྐུས་ཡོད་པར་ཉེས་འཛུགས་བྱས་ཡོད་པ་རེད་འདུག
ཨ་རིའི་གསང་བའི་ལས་ཁུངས་ཀྱི་དཔོན་རིགས་ཚོས་ཨུ་རུ་སུས་ཉམས་ཞིབ་ཀྱི་ཡིག་ཆ་རྣམས་བརྐུས་ནས། སྔོན་འགོག་སྨན་ཁབ་མྱུར་དུ་བཟོ་སྐྲུན་བྱེད་ཆེད་དུ་དམིགས་ཡོད་པ་ལས། རྒྱལ་ཁབ་གཞན་གྱི་སྔོན་འགོག་སྨན་ཁབ་བཟོ་སྐྲུན་ལ་བར་ཆད་གཏོང་རྒྱུ་དམིགས་མེད་སྐོར་བརྗོད་འདུག
ད་ལྟའི་ཆར་ཨུ་རུ་སུས་ཤེས་ཡོན་སྡེ་ཚན་དང་ཚོང་ལས་ཁང་སུ་ལ་དྲ་ཐོག་ནས་འཇབ་རྒོལ་བྱས་ཡོད་པ་ཕྱིར་བསྒྲགས་བྱས་མེད་ཀྱང་། ད་ལྟའི་ཆར་འཛམ་གླིང་སྔོན་འགོག་སྨན་ཁབ་ཐོག་གྲུབ་འབྲས་ཐོན་པའི་རེ་བ་ཆེ་ཤོས་རྒྱག་ཡུལ་དབྱིན་ཡུལ་གྱི་ཨོག་སེ་ཧྥོར་ཌ་གཙུག་ལག་སློབ་ཁང་དང་། (AstraZeneca) ཚོང་ལས་ཁང་གཉིས་ཀྱི་མཉམ་ལས་ཀྱི་ཉམས་ཞིབ་ལ། དྲ་ཐོག་ནས་འཇབ་རྒོལ་བྱས་ཡོད་སྲིད་པ་རེད་འདུག དེ་ཡང་ཚེས་༡༦ ཉིན་གཙུག་ལག་སློབ་ཁང་དེའི་ཚན་རིག་པ་ཚོས། ཨུ་རུ་སུའི་ཚན་རིག་པ་ཚོའི་སྔོན་འགོག་སྨན་ཁབ་ཉམས་ཞིབ་ཀྱི་ཐབས་ལམ་དང་ལས་དོན་དང་། ཁོ་ཚོའི་ཐབས་ལམ་དང་ལས་དོན་བར་ཧང་སངས་དགོས་པ་ཞིག་ལ་འདྲ་མཚུངས་ཆེན་པོ་ཡོད་པ་དོ་སྣང་བྱུང་སྐོར་བརྗོད་འདུག
རྒྱལ་སྤྱིའི་གཞུང་དང་ཚོང་ལས་ཁང་མང་པོ་ཞིག་གིས་ཨོག་སེ་ཧྥོར་ཌ་དང་ཚོང་ལས་ཁང་དེ་གཉིས་ཀྱི་སྔོན་འགོག་སྨན་ཁབ་དེ་གྲུབ་འབྲས་དངོས་སུ་ཐོན་རྒྱུ་ཡིན་ཡང་དེ་ལོངས་སུ་སྤྱོད་རྒྱུ་ཡོང་ཆེད་དུ། སྔོན་ཚུད་ནས་དངུལ་སྒོར་ཕོན་ཆེན་སྤྲད་ཟིན་འདུག་པ་དང་། ཨ་རིས་སྨན་ཁབ་དེ་མིའི་ཐོག་ཚོད་ལྟ་བྱེད་པའི་ལས་དོན་ཆེད་དུ་ཨ་སྒོར་ཐེར་འབུམ་༡.༢ སྤྲོད་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་ཨ་རིས་སྨན་ཁབ་ས་ཡ་༣༠༠ སྤྲོད་དགོས་ཀྱི་ཡོད་པ་བརྗོད་འདུག
དྲ་ཐོག་བདེ་སྲུང་ཚོང་ལས་ཁང་གི་སྤྱི་ཁྱབ་པ་ཞིག་གིས། ཨུ་རུ་སུས་རྒྱལ་ཁབ་གཞན་གྱི་སྔོན་འགོག་སྨན་ཁབ་བཟོ་སྐྲུན་ལ་བར་ཆད་གཏོང་འདོད་མེད་པ་མངོན་གསལ་ཡིན་ཡང་། ཨ་རི་དང་དབྱིན་ཡུལ་སོགས་ལ་སྨན་ཁབ་དེ་བཟོ་སྐྲུན་ཆེད་དུ་བརྟེན་འདོད་མེད་པ་ཡིན་སྐོར་བརྗོད་འདུག
དེ་བཞིན་གསང་བའི་གནས་ཚུལ་དཔྱད་ཞིབ་ཚོང་ལས་ཁང་ཞིག་གི་འགན་འཛིན་གྱིས། ཏོག་དབྱིབས་ནད་དུག་གི་གནས་ཚུལ་དང་སྔོན་འགོག་སྨན་ཁབ་ཀྱི་ཡིག་ཆ་རྐུ་ཐབས་བྱེད་མཁན་ཨུ་རུ་སུ་གཅིག་པུ་མིན་པར། འཐབ་རྩོད་དེར་མཉམ་ཞུགས་བྱེད་མཁན་ཤིན་ཏུ་མང་པོ་ཡོད་ཀྱང་། མང་པོ་ཞིག་ད་ལྟའི་ཆར་མིང་འདོན་བྱས་མེད་སྐོར་བརྗོད་འདུག
ཨུ་རུ་སུ་གཞུང་གིས་ཉེས་འཛུགས་དེ་རིགས་ནི་ངོས་ལེན་བྱེད་ཐབས་མེད་པ་ཡིན་པ་དང་། དེ་དག་གིས་ཨུ་རུ་སུའི་སྔོན་འགོག་སྨན་ཁབ་བཟོ་སྐྲུན་གྱི་འབད་བརྩོན་ལ་རྩིས་མེད་གཏོང་ཐབས་བྱེད་བཞིན་པ་ཡིན་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བཟོ་སྐྲུན་བྱེད་བཞིན་པ་༡༥༥ ལས་མང་བ་ཡོད་འདུག་པ་དང་། དེའི་ཁྲོད་མིའི་ཐོག་ཚོད་ལྟ་བྱེད་བཞིན་པ་༢༣ ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།