ཨུ་རུ་སུས་ཆུ་ཚོད་༣༦ རིང་དམག་མཚམས་འཇོག་རྒྱུའི་གསལ་བསྒྲགས་སྤེལ་འདུག
ཟླ་འདིའི་ཚེས་༦ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་གྱིས་ཆུ་ཚོད་༣༦ རིང་མེ་འཕེན་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༥ ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་བདེ་སྲུང་བློན་ཆེན་ལ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཆེད་དུ་གནས་སྐབས་རིང་མེ་འཕེན་མཚམས་འཇོག་བྱོས་ཟེར་ནས་བཀའ་བཏང་ཡོད་འདུག་ལ། ཡུག་རེན་ཕྱོགས་ནས་ཀྱང་མེ་འཕེན་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ཡུག་རེན་ཕྱོགས་ཀྱིས་ཁས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག
ལོ་སྔོན་པའི་ཕྱི་ཟླ་གཉིས་པ་ནས་ད་བར་ཨུ་རུ་སུའི་ངོས་ནས་ཕྱོགས་ཡོངས་ནས་མེ་མདའ་རྒྱག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་པ་ཐོག་མ་དེ་ཆགས་ཡོད་འདུག ལོ་ལྟར་ཕྱི་ཟླ་དང་པོའི་ཚེས་༧ ཉིན་ཨུ་རུ་སུའི་ནང་དུ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་འདུག ལོ་ན་༧༦ ལ་སོན་པའི་ཡེ་ཤུའི་ཆོས་དཔོན་པ་ཊ་རེག་ཆེ་(Patriarch Kirill) ཡིས་རེ་བསྐུལ་ཞུས་པར་བརྟེན། ཨུ་རུ་སུའི་སྲིད་འཛིན་གྱིས་བདེ་སྲུང་བློན་ཆེན་ལ་ཟླ་འདིའི་ཚེས་༦ གྱི་ཉིན་གུང་ཆུ་ཚོད་༡༢ ནས་ཆུ་ཚོད་༣༦ རིང་མེ་འཕེན་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་ཡོད་འདུག་ལ། ཡུག་རེན་ཕྱོགས་ནས་ཀྱང་མེ་འཕེན་མཚམས་འཇོག་དགོས་པའི་རེ་བསྐུལ་ཞུས་ཀྱང་། ཡུག་རེན་གྱིས་ཁས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག
ཡུག་རེན་གྱི་མི་མང་ཆེ་བས་ལོ་ལྟར་ཕྱི་ཟླ་༡༢ ཚེས་༢༥ ཉིན་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་པ་དང་། མི་ཉུང་ཤས་ཤིག་གིས་ཟླ་བ་༡ ཚེས་༧ ཉིན་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་འདུག
ཡུག་རེན་གྱི་ཕྱི་སྲིད་བློན་ཆེན་(Dmitro Kuleba) ཡིས་ཨུ་རུ་སུས་ཡང་ནས་བསྐྱར་དུ་ཡུག་རེན་གྱི་ཞི་བདེའི་གྲོས་གཞི་ལ་སྣང་མེད་བཏང་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༢༤་དང་། ལོ་གསར་གྱི་སྔ་ནུབ་ལ་གཏོར་རྒོལ་བྱས་ཡོད་པས་ཨུ་རུ་སུས་ཆོས་ཕྱོགས་ཀྱི་གུང་གསེང་སྐབས་སུ་མེ་འཕེན་མཚམས་འཇོག་མི་ཐུབ་པའི་དཔང་རྟགས་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།