ཨུ་རུ་སུས་བཅོ་བརྒྱད་སུམ་ཅུ་ཟེར་བའི་དམག་མི་ཕོན་ཆེན་པོ་ཞིག་བསྡུ་རུབ་བྱེད་རྒྱུའི་འགོ་བཙུགས་འདུག

ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་ད་བར་ཨུ་རུ་སུའི་དམག་མི་ཕོན་ཆེན་ཞིག་གི་སྲོག་ཤོར་ཡོད་པའི་རྐྱེན་གྱིས། ད་ཆར་ཨུ་རུ་སུའི་གཞུང་གིས་བཅོ་བརྒྱད་སུམ་བཅུ་ཟེར་བའི་དམག་མི་མང་པོ་ཞིག་བསྡུ་རུབ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༦ ཉིན་(ALijazeera)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་འདིའི་ཚེས་༡ ནས་ཨུ་རུ་སུའི་གཞུང་གིས་བརྡ་ཐོ་ཞིག་བཀྲམས་ནས་ཕོ་གསར་རང་ལོ་བཅོ་བརྒྱད་ནས་སུམ་བཅུ་བར་ཡིན་མཁན་ཚང་མ་དམག་མི་བསྡུ་རུབ་ནང་ཐོ་འགོད་དགོས་ཀྱི་ཡོད་འདུག་ལ། གཞུང་གི་དམག་མི་ཡོང་ནས་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱི་ཡོད་འདུག དེའི་དམིགས་ཡུལ་ནི་འདི་ལོར་ཁྱོན་དམག་མི་༡༦༠༠༠༠བསྡུ་རུབ་བྱེད་རྒྱུ་ཡིན་འདུག ཐེངས་འདིའི་དམག་མི་བསྡུ་རུབ་དེ་ནི་ཕྱི་ལོ་༢༠༡༡ ནས་ད་བར་དམག་མི་བསྡུ་རུབ་ཆེ་ཤོས་དེ་ཡིན་འདུག ད་ལྟའི་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་དམིགས་ཡུལ་ནི་ཨུ་རུ་སུ་ལ་དམག་མི་ཁྱོན་ས་ཡ་༢་དང་འབུམ་༥ བཟོ་རྒྱུ་ཡིན་འདུག ཨུ་རུ་སུའི་གཞོན་སྐྱེས་མང་པོ་ཞིག་དམག་མི་བྱེད་རྒྱུ་ལས་གཡོལ་ཐབས་བྱེད་ཀྱི་ཡོད་འདུག་ཀྱང་། གལ་སྲིད་གཞུང་གིས་ཤེས་རྟོགས་བྱུང་ཚེ་ཉེས་ཆད་ལྗིད་པོ་གཅོད་ཀྱི་ཡོད་འདུག་པར་བརྟེན། གཡོལ་ཐུབ་རྒྱུ་ཁག་པོ་ཡིན་འདུག དེ་བཞིན་ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་ཁྲོད་ཕྱོགས་གཉིས་ཀ་ནས་དམག་མི་ཤི་རྨས་མང་པོ་འབྱུང་བཞིན་ཡོད་པའི་རྐྱེན་གྱིས་ཨུ་རུ་སུ་ལ་དམག་མི་མང་པོ་དགོས་མཁོ་ཆགས་བཞིན་ཡོད་འདུག་པས། གཞོན་སྐྱེས་ཚོ་དམག་མིར་མི་འགྲོ་བར་སྡོད་ས་ཡོད་མི་འདུག
གོང་གསལ་གསར་ཁང་གིས་(Bogdan)ཟེར་བའི་རང་ལོ་༢༡ ཡིན་པའི་ཨུ་རུ་སུའི་གཞོན་སྐྱེས་ཤིག་གི་སྐོར་གནས་ཚུལ་ཞིག་བྲིས་འདུག་པ་དང་། དེ་ཡང་གཞོན་སྐྱེས་དེ་ལ་ཁྲག་ཤེད་ན་ཚ་ཡོད་འདུག་ཅིང་། ཕྱི་ལོ་༢༠༢༤ ལོར་ཁོང་ལ་དམག་མིར་འཛུལ་དགོས་པའི་གཞུང་གི་བརྡ་ཐོ་འབྱོར་ཡོད་འདུག་ཀྱང་། ཁོང་ལ་ཁྲག་ཤེད་ན་ཚ་ཡོད་པའི་དབང་གིས་དམག་མིར་འགྲོ་མི་དགོས་པར་གཡོལ་ཐབས་བྱས་ཡོད་འདུག འོན་ཀྱང་། ཉེ་ཆར་ཁོང་ལ་དམག་མིའི་ནང་འཛུལ་དགོས་པའི་བཙན་བཀའ་འབྱོར་ཡོད་པར་བརྟེན། ཁོང་གིས་ང་རང་མ་འོངས་པར་ཨུ་རུ་སུའི་གྲོང་ཁྱེར(Saint Petersburg)ཡི་དམག་མིའི་ནང་འཛུལ་རྒྱུའི་རེ་བ་བྱེད་བཞིན་ཡོད། རྒྱུ་མཚན་ནི་གྲོང་ཁྱེར་དེའི་ནང་དམག་མིར་འཛུལ་ན་འཕྲོད་བསྟེན་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པར་བརྟེན། མ་འོངས་པར་དམག་ས་ལ་འགྲོ་མི་དགོས་པའི་དགོངས་པ་རག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ(Moscow)ལྟ་བུ་ཡིན་ན་འཕྲོད་བསྟེན་དང་ཁྲིམས་ཁང་སོགས་གང་ཡང་འགྲོ་མི་དགོས་པར་ཐད་ཀར་དམག་མི་བསྡུ་བཞིན་ཡོད་པར་བརྗོད་འདུག དེ་སྔོན་དམག་མི་ཆུང་ཤོས་རྣམས་རང་ལོ་༡༨ ལས་ཆེ་བ་ཡིན་འདུག་ཀྱང་། ད་ཆར་ལོ་ཚད་ཆུང་དུ་བཏང་ནས་རང་ལོ་༡༨ དང་༡༨ ལས་ཆེ་བའི་ན་གཞོན་མང་པོ་ཞིག་དམག་སར་འཁྲིད་བཞིན་ཡོད་པར་བརྗོད་འདུག
དམག་མི་བསྡུ་རུབ་ཁྲོད་དེ་སྔོན་ནད་པ་ཡིན་མཁན་དང་གཟུགས་གཞི་ལ་དཀའ་ངལ་ཡོད་མཁན་རྣམས་ད་ལྟ་སྨན་པས་གཟུགས་གཞི་བདེ་ཐང་ཡིན་ཚུལ་དང་། དཀའ་ངལ་མེད་ཚུལ་བརྗོད་ནས་ཡིག་ཆ་སྤྲོད་ཀྱི་ཡོད་འདུག་པ་དང་། སྨན་པས་རྫུན་མ་བཤད་ནས་དམག་མི་གང་མང་བསྡུ་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག གལ་སྲིད་གཞུང་གི་བརྡ་ཐོ་ཇི་བཞིན་ཐོ་འགོད་ཆེད་དུ་མ་སོང་ཚེ་མ་འོངས་པར་རྒྱལ་ཁབ་ཕྱི་ཕྱོགས་སུ་འགྲོ་རྒྱུའི་མཐོང་མཆན་མི་སྤྲོད་པ་དང་། དངུལ་བུན་གཡར་མི་བྱེད་པ། དེ་བཞིན་མི་སྒེར་སོ་སོས་རྒྱལ་ཁབ་ནང་ཚོང་ལས་སོགས་བྱེད་མི་འཇུག་པས་མཚོན་དཀལ་ངལ་འདྲ་མིན་སྤྲོད་རྒྱུ་ཡིན་པར་བརྗོད་ཡོད་འདུག ད་བར་དམག་འཁྲུག་ཁྲོད་ཁྱོན་ཨུ་རུ་སུའི་དམག་མི་༡༠༠༠༠༠ གཅིག་ལྷག་ཙམ་ཤི་སྐྱོན་བྱུང་ཡོད་པ་ཨུ་རུ་སུའི་གསར་ཁང་ཞིག་གིས་བརྗོད་འདུག ཚོད་དཔག་བྱེད་དོན་ལ་ད་ལྟ་བསྡུ་རུབ་བྱེད་བཞིན་པའི་དམག་མི་གསར་པ་རྣམས་དམག་ས་རང་ལ་ད་ལྟ་གཏོང་རྒྱུ་མིན་པ་དང་། དེ་དག་ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་མི་རྒྱག་སའི་ས་ཁུལ་གཞན་རྣམས་ལ་འཇོག་རྒྱུ་ཡིན་པར་བརྗོད་ཡོད་འདུག་ཀྱང་། དེ་སྔོན་དམག་མི་གསར་པ་རྣམས་དམག་སར་བཏང་ཡོད་འདུག
ལས་གནས་གཞན་སྨན་པ་དང་། དགེ་རྒན། ཉེན་རྟོག་པ། གོ་མཚོན་བཟོ་གྲྭར་ཡོད་མཁན་སོགས་ཀྱི་ན་གཞོན་ཚོས་ངེས་པར་དུ་ཁྲིམས་མཐུན་ཡིག་ཆ་རྣམས་ཁུར་ནས་གཞུང་ལ་དམག་མིར་འགྲོ་མི་དགོས་པའི་ཞུ་གཏུག་རྒྱག་དགོས་ཀྱི་ཡོད་འདུག དེ་བཞིན་ཨུ་རུ་སུའི་གཞོན་སྐྱེས་མང་པོ་ཞིག་རྒྱལ་ཁབ་གཞན་ལ་བྲོས་ཐབས་བྱེད་ཀྱི་ཡོད་འདུག་ཀྱང་། གཞུང་གི་སྲིད་བྱུས་དང་ཁྲིམས་ལུགས་དམ་དྲགས་པའི་རྐྱེན་གྱིས་ཧ་ཅང་ཁག་པོ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།