ཨུ་རུ་སུས་བཙན་འཛུལ་བྱས་པའི་ཡུ་ཀེ་རེན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་གི་འབྲུ་རིགས་རྣམས་ཡུ་ཀེ་རེན་གྲུ་ཁའི་འགག་སྒོ་བརྒྱུད་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་དབུས་ཤར་རྒྱལ་ཁབ་ཁག་ཏུ་ཕྱིར་འདྲེན་བྱེད་བཞིན་ཡོད་པ་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག
ཟླ་འདིའི་ཚེས་ ༩ ཉིན་ཡུ་ཀེ་རེན་གཞུང་འབྲེལ་ལས་བྱེད་པས་བརྗོད་དོན་ལ། ཨུ་རུ་སུས་བཙན་འཛུལ་བྱས་པའི་ཡུ་ཀེ་རེན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་གི་འབྲུ་རིགས་ཏུན་ ༦༠༠,༠༠༠ ལྷག་རྐུ་འཁྱེར་བྱས་ནས་དབུས་ཤར་རྒྱལ་ཁབ་ཁག་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོགས་སུ་ཕྱིར་འདྲེན་བྱས་ཡོད་པ་བརྗོད་ཡོད་ཀྱང་། ཨུ་རུ་སུའི་ངོས་ནས་དེ་ལ་ཁས་ལེན་བྱེད་ཀྱི་མི་འདུག

དེ་ཡང་ཡུ་ཀེ་རེན་ནང་དུ་འབྲུ་རིགས་གསོག་ཉར་བྱེད་བཞིན་ཡོད་པར་བརྟེན་རྒྱལ་སྤྱིའི་ནང་འབྲུ་རིགས་མ་འདང་པ་ཛ་དྲག་ཏུ་འགྱུར་ཡོད་པ་དང་། ཡུ་ཀེ་རེན་ཕྱོགས་ནས་ལོ་ལྟར་ཏུན་ས་ཡ་མང་པོ་དབུས་ཤར་རྒྱལ་ཁབ་ཁག་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད་ཀྱང་། བར་ལམ་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱེད་པ་བཟུང་མཚོ་ནག་གྲུ་མའི་ཁུལ་དུ་ཡོད་པའི་ཡུ་ཀེ་རེན་གྱི་གྲུ་ཁའི་འགག་སྒོ་ཁག་ཨུ་རུ་སུའི་མཚོ་དམག་གིས་བཀག་སྡོམ་བྱས་པའི་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱིར་འདྲེན་བྱེད་མི་ཐུབ་པའི་གནས་སྟངས་སུ་འགྱུར་བཞིན་ཡོད་འདུག དེ་བཞིན་ཨུ་རུ་སུའི་ཕྱོགས་ནས་ཡུ་ཀེ་རེན་གྱི་མཚོ་ནག་གྲུ་མའི་འགག་སྒོའི་ནང་དུ་ཡོད་པའི་འབར་རྫས་རྣམས་མེད་པ་བཟོས་ནས་མཚོ་ཐོག་གྲུ་ཁ་བརྒྱུད་ནས་འབྲུ་རིགས་རྣམས་ཕྱིར་འདྲེན་བྱེད་དགོས་ལུགས་བརྗོད་ཡོད་ཀྱང་། ཡུ་ཀེ་རེན་ཕྱོགས་ནས་དེ་ལ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། གལ་སྲིད་ཡུ་ཀེ་རེན་ངོས་ནས་མཚོ་ནག་ཏུ་ཡོད་པའི་འབར་རྫས་རྣམས་མེད་པ་བཟོས་ཚེ། ཨུ་རུ་སུའི་མཚོ་དམག་གིས་གོ་སྐབས་དེ་བརྒྱུད་ནས་ཡུ་ཀེ་རེན་ལྷོ་ཕྱོགས་ས་ཁུལ་ཁག་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པས། མཚོ་ནག་ཏུ་ཡོད་པའི་འབར་རྫས་རྣམས་མེད་པ་བཟོ་རྒྱུ་མིན་པ་ཡུ་ཀེ་རེན་གཞུང་འབྲེལ་ལས་བྱེད་པས་བརྗོད་ཡོད་འདུག ཎི་ཡོག་དུས་བབ་གསར་ཁང་གིས་བརྗོད་དོན་ལ། ཨུ་རུ་སུས་ཡུ་ཀེ་རེན་ས་ཁུལ་ཁག་ཏུ་གསོག་ཉར་བྱེད་པའི་འབྲུ་རིགས་རྣམས་རྐུ་འཁྱེར་བྱེད་ནས་ཨ་ཧྥི་རེ་ཁའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱེད་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་དེར་ཨ་རི་ངོས་ནས་ཉེས་འཛུགས་བྱེད་བཞིན་ཡོད་པ་བརྗོད་འདུག ཉེ་ལམ་ཨ་ཧྥེ་རི་ཁའི་མཉམ་འབྲེལ་སྤྱི་ཁྱབ་མེག་ཀེ་སོ་ (Macky Sall) དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གཉིས་ཐུག་འཕྲད་སྐབས། སྲིད་འཛིན་པུ་ཊིན་ལ་ད་ལྟ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གོ་ནང་ཟ་འབྲུའི་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་དེར་རོགས་རམ་གནང་རྒྱུའི་རེ་སྐུལ་ཞུས་པ་བཞིན། ཨུ་རུ་སུའི་ངོས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་ཟ་འབྲུ་ཕྱིར་ཚོང་བྱེད་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་ཀྱང་། དུས་ཚོད་ནམ་ཡིན་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་སྐོར་གསུངས་ཡོད་འདུག དེ་ཡང་ཨུ་རུ་སུ་དང་ཡུ་ཀེ་རེན་རྒྱལ་ཁབ་གཉིས་ནི་འཛམ་གླིང་ནང་གྲོ་དང་འབྲུ་རིགས་ཐོན་སྐྱེད་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་རྒྱལ་ཁབ་དེ་གཉིས་ཀྱི་ཐོན་སྐྱེད་ལ་བརྟེན་ནས་འཚོ་རྟེན་བྱེད་བཞིན་ཡོད། འོན་ཀྱང་པུ་ཊིན་གྱི་དམག་འཁྲུག་རྐྱེན་གྱིས་བཟའ་ཆས་ཀྱི་རིན་གོང་འཕར་བ་དང་། ད་ལྟའི་ཆར་རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག །
གསར་འགོད་པ། ཆོས་གྲགས།