ཨུ་རུ་སུས་རྒྱ་ནག་ལ་མཐུན་གྲོགས་ཡིན་པ་ལས་ཕྱོགས་གཏོགས་མ་རེད་ཅེས་བརྗོད་འདུག
ཉེ་ཆར་ཨུ་རུ་སུའི་རྒྱལ་ས་མོག་སི་ཀོ་རུ་རྒྱལ་སྤྱིའི་བདེ་སྲུང་ཚོགས་འདུ་ཟེར་བའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱིས་ཨུ་རུ་སུ་དང་རྒྱ་ནག་གཉིས་ནི་ཕྱོགས་གཏོགས་ཡིན་ཞེས་བརྗོད་ཡོད་ཀྱང་། ཨུ་རུ་སུའི་གཞུང་འབྲེལ་ཐོག་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་མཐུན་གྲོགས་ཡིན་པ་ལས་ཕྱོགས་གཏོགས་མ་རེད་ཅེས་བརྗོད་ཡོད་འདུག

ཕྱི་ཚེས་༡༧ ཉིན་ཨི་ཤེ་ཡའི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། ཉེ་ཆར་སྤྱི་ཚེས་༡༥ ཉིན་ཨུ་རུ་སུའི་རྒྱལ་ས་མོག་སི་ཀོ་ལ་རྒྱལ་སྤྱིའི་བདེ་སྲུང་ཚོགས་འདུ་ཞེས་པ་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་ཚོགས་འདུའི་ཐོག་རྒྱ་ནག་གི་བདེ་སྲུང་བློན་ཆེན་(Li Shangfu)ཟེར་བ་ཁོས་བརྗོད་དོན་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་ཕྱོགས་གཏོགས་ཡིན་ཞེས་བརྗོད་ཡོད་ཀྱང་། ཨུ་རུ་སུའི་གཞུང་འབྲེལ་ངོས་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་མཐུན་གྲོགས་ཡིན་པ་ལས་ཕྱོགས་གཏོགས་མ་རེད་ཅེས་བརྗོད་ཡོད་འདུག ད་ཆར་རྒྱ་ནག་གིས་ཨ་རི་དང་ཉི་ཧོང་གཉིས་ལ་ཁ་གཏད་གཅོག་ཆེད་ཨུ་རུ་སུ་དང་ལྷན་ཏུ་དམག་སྟོབས་ཀྱི་དཔུང་སྒྲིག་བྱེད་འདོད་ཡོད་ཀྱང་། ཨུ་རུ་སུས་ཡུག་རེན་ནང་དམག་འཁྲུག་རྒྱག་བཞིན་པར་བརྟེན། རྒྱ་ནག་དམག་འཁྲུག་དེའི་ཁྲོད་ཞུགས་འདོད་མེད་པ་རེད། དེ་སྔོན་སྤྱི་ཟླ་༧ ཚེས་༢༣ ཉིན་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཉིན་གྲངས་བཞིའི་རིང་དམག་སྦྱོང་བྱས་ཡོད་པ་དང་། སྐབས་དེ་དུས་རྒྱལ་ཁབ་གཉིས་ཀྱི་དམག་གྲུ་༡༠ དང་དམག་གི་གནམ་གྲུ་༣༠ ཙམ་ཉི་ཧོང་རྒྱ་མཚོའི་ནང་དམག་སྦྱོང་བྱས་ཡོད་པ་མ་ཟད།

སྤྱི་ཟླ་༨ འགོ་སྟོད་དུ་ཨ་རིའི་ས་མཚམས་བརྒལ་མེད་ཀྱང་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་དམག་གྲུ་༡༡ ཨ་རིའི་ཨ་ལ་སེ་ཀ་མངའ་སྡེའི་མཚོ་འགྲམ་དུ་ཡང་ཡང་ཡོང་གི་ཡོད་འདུག རྒྱ་ནག་གི་བདེ་སྲུང་བློན་ཆེན་ཉིན་དྲུག་རིང་ཨུ་རུ་སུ་དང་བྷེ་ལ་རུ་སི་གཉིས་ཀྱི་ལྟ་སྐོར་དེ་གཟའ་ཟླ་བ་ནས་མགོ་བཙུགས་ཡོད་འདུག་ལ། དེ་ཡང་ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱི་འགོ་ཁྲིད་དག་ཨ་རིའི་ས་ཆ་(At Camp David In Maryland) ལ་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པ་དང་།ཚོགས་འདུ་དེ་མ་འཚོགས་སྔོན་དུ་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཨུ་རུ་སུ་ལ་ལྟ་སྐོར་ཕྱིན་ཡོད་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་འདུག ད་ཆར་ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་གསུམ་གྱི་མ་འོངས་པའི་འཕྲུལ་རིགས་དང་། བདེ་སྲུང་སོགས་ཀྱི་གནད་དོན་དུ་མའི་སྐོར་གྲོས་མཐུན་མང་པོ་ཞིག་འཇོག་རྒྱུའི་འཆར་གཞི་ཡོད་འདུག རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ་ཨུ་རུ་སུ་དང་རྒྱ་ནག་གཉིས་ནི་མཐུན་གྲོགས་ལས་ལྷག་པའི་ཕྱོགས་གཏོགས་ཡིན་ཞེས་བརྗོད་ཡོད་པར་བརྟེན། སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ་ད་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་པའི་སྐབས་འདིར་རྒྱ་ནག་ཨུ་རུ་སུ་དང་ལྷན་དུ་དམག་དོན་མཉམ་འབྲེལ་བྱེད་འདོད་པ་རེད་ཅེས་རྗོད་ཀྱི་ཡོད་འདུག འོན་ཀྱང་། རྒྱ་ནག་གི་དམག་དོན་དཔྱད་བརྗོད་པ་(Liu Lan)ཟེར་བ་དེ་ཡིས་བརྗོད་དོན་ལ། དོན་དམ་པ་རྒྱ་ནག་ཨུ་རུ་སུ་དང་མཉམ་དུ་མཐུན་གྲོགས་བྱེད་འདོད་མེད་ཀྱང་། ད་ཆར་ཨུ་རུ་སུ་ལ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཁ་གཏད་གཅོག་གི་ཡོད་པའི་རྐྱེན་གྱིས་ཨུ་རུ་སུ་ཁེར་རྐྱང་ལྷག་བཞིན་པར་བརྟེན། མཐུན་གྲོགས་བྱེད་འདོད་མཁན་ངོ་མ་ནི་ཨུ་རུ་སུ་རེད་། དུས་འདི་འདྲ་ལ་ཨུ་རུ་སུ་དང་རྒྱ་ནག་མཉམ་འབྲེལ་བྱེད་དགོས་དོན་མེད། དོན་མེད་རྒྱལ་ཁབ་གཉིས་ཀ་རྙོག་གྲའི་ནང་ཚུད་སྲིད་པ་རེད་ཅེས་དང་། ཨུ་རུ་སུ་དང་རྒྱ་ནག་གཉིས་མཐུན་གྲོགས་ཡིན་ན་རྒྱ་ནག་ཨུ་རུ་སུའི་རྒྱབ་དུ་ལངས་ནས་ཡུག་རེན་ནང་དམག་འཁྲུག་ནང་ཞུགས་དགོས་པ་རེད་ཅེས་བརྗོད་འདུག ད་དུང་ཁོང་གིས་གལ་སྲིད་ཨུ་རུ་སུ་དང་རྒྱ་ནག་གཉིས་དོན་དངོས་ཐོག་ནས་མཐུན་གྲོགས་བྱས་ན་ཡུ་རོབ་ཨ་རིའི་ཕྱོགས་སུ་ཕྱིན་ནས་ཡུ་རོབ་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ་དང་།

བྱང་ཆིངས་སྒྲིག་འཛུགས་ཀྱི་རྒྱ་བསྐྱེད་རིང་ལུགས་ཀྱི་སྟོབས་ཤུགས་དེ་ཨི་ཤེ་ཡའི་ནང་ཡོང་གི་རེད་། ཨུ་རུ་སུས་ཡུག་རེན་གཅིག་པུར་ལ་ཁ་གཏད་གཅོག་བཞིན་ཡོད་པ་མ་ཡིན་པར། ནུབ་ཕྱོགས་རྒྱལ་ཁབ་ཚང་མ་ལ་ཁ་གཏད་གཅོག་བཞིན་ཡོད་རེད། ཨུ་རུ་སུས་དུས་ད་ལྟ་ཡང་གྲང་དམག་གི་བསམ་བློ་དེ་དོར་མེད་པ་དང་། ཁོང་ཚོས་མཐུན་གྲོགས་སྣ་མང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་རྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་བཞིན་ཡོད་པས། དེ་ང་ཚོ་ལ་དགོས་པ་ཞིག་མ་རེད་བརྗོད་འདུག མཐུན་གྲོགས་སྣ་མང་ཡོད་ན་རྒྱ་ནག་གི་དཔལ་འབྱོར་ལ་ཁེ་ཕན་ཡོད་པ་དང་། ད་ཆར་ཨུ་རུ་སུས་དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་དག་དང་མཉམ་ལས་བྱེད་ཀྱི་ཡོད་པར་བརྟེན། དེའི་ཐོག་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་དམག་དོན་ཐོག་མཉམ་ལས་བྱས་པ་ཡིན་ན། ཨ་རི་མཐའ་ལ་བསྐྱལ་པ་རེད་ཅེས་ཁོའི་དཔྱད་རྩོམ་ནང་བརྗོད་ཡོད་འདུག
རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱིས་ཡུག་རེན་དང་ཐེ་ཝན་གཉིས་ཀྱི་གནད་དོན་ཐོག་བརྗོད་དོན་ལ་ཐེ་ཝན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པས། ཕྱིའི་རྒྱལ་ཁབ་སུས་ཀྱང་ཐེ་ཇུས་བྱེད་དགོས་དོན་ཡོད་མ་རེད་ལ། ཐེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ནི་ལོ་རྒྱུས་ཐོག་ནས་བདག་དབང་ཡོད་པ་ཞིག་རེད། དེ་བཞིན་འཛམ་གླིང་ས་ཕྱོགས་ཀུན་ནས་རྩོད་རྙོག་གང་འདྲ་ཞིག་བྱུང་ཡང་གྲོས་མོལ་ཐོག་ནས་འདུམ་སྒྲིག་བྱེད་དགོས་པ་རེད་ཅེས་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།