ཨུ་རྒྱ་གཉིས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བྱང་ཀོ་རི་ལ་བསླེབས་འདུག

ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་བར་དམག་འཁྲུག་མཇུག་སྒྲིལ་ནས་ལོ་ངོ་ཧྲིལ་པོ་༧༠ འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨུ་རུ་སུ་དང་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཁག་ཅིག་བྱང་ཀོ་རི་ལ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༦ ཉིན་ཨུ་རུ་སུའི་བདེ་སྲུང་བློན་ཆེན་( Sergei Shoigu) བྱང་ཀོ་རི་ཡ་ལ་ཕྱིན་ནས་སྲིད་འཛིན་ཀིམ་ཇོམ་ཨན་དང་མཇལ་འཕྲད་གནང་ནས་ཕྱོགས་གཉིས་བར་གྱི་འབྲེལ་བ་སྔར་ལས་ཤུགས་ཆེ་རུ་གཏང་རྒྱུ་ཁས་ལེན་བྱས་ཡོད་པ་མ་ཟད། སྐབས་དེར་ཨུ་རུ་སུའི་བདེ་སྲུང་བློན་ཆེན་གྱིས་བྱང་ཀོ་རི་ཡའི་དམག་དཔུང་ནི་འཛམ་གླིང་ཐོག་སྟོབས་ཤུགས་ཆེ་ཤོས་ཤིག་རེད་ཅེས་བརྗོད་འདུག སྲིད་འཛིན་ཀིམ་ཇོམ་ཨིན་གྱིས་ཨུ་རུ་སུའི་བདེ་སྲུང་བློན་ཆེན་གོ་མཚོན་འགྲེམ་སྟོན་ཁང་ཞིག་ཏུ་ལྟ་སྐོར་ཁྲིད་ནས་སྔོན་ཐོན་ཅན་དང་ཐོན་གསར་ཤོས་ཀྱི་གོ་མཚོན་དག་ངོམ་སོ་བྱས་ཡོད་པ་མ་ཟད། ཨུ་རུ་སུའི་སྲིད་འཛིན་ལ་ཨུ་རུ་སུའི་བདེ་སྲུང་བློན་ཆེན་གྱིས་འགོ་ཁྲིད་པའི་དམག་དོན་སྐུ་ཚབ་ཚོགས་པ་ཞིག་བཏང་བར་ཐུགས་རྗེ་ཆེ་ཞེས་ཞུས་འདུག ཁོང་གཉིས་ཀྱིས་ཐུག་འཕྲད་བྱེད་དུས་ཨུ་རུ་སུའི་བདེ་སྲུང་བློན་ཆེན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་བསྐུར་བའི་འཕྲིན་ཡིག་ཅིག་བྱང་ཀོ་རི་ཡའི་སྲིད་འཛིན་ལ་ཕུལ་ཡོད་འདུག

དེ་བཞིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ལི་ཧོང་ཀྲུང་(Li Hongzhong)ཟེར་བ་ཞིག་ གིས་ཀྱང་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་ཁྲིད་ནས་བྱང་ཀོ་རི་ཡར་འབྱོར་ཡོད་འདུག དེས་ཀྱང་ཞིན་ཅིང་ཕིང་སྒེར་གྱིས་བསྐུར་བའི་འཕྲིན་ཡིག་ཅིག་བྱང་ཀོ་རི་ཡའི་སྲིད་འཛིན་ལ་ཕུལ་ཡོད་འདུག

ཨུ་རུ་སུ་ནི་བྱང་ཀོ་རི་ཡའི་འགྱུར་བ་མེད་པའི་མཐུན་གྲོགས་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། ཨ་རི་གཞུང་གིས་བྱང་ཀོ་རི་ཡས་ཨུ་རུ་སུ་ལ་མཚོན་ཆ་མཁོ་སྤྲོད་བྱས་ཏེ་ཨུ་རུ་སུའི་དམག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་བརྗོད་འདུག་ཀྱང་ཨུ་རུ་སུ་དང་བྱང་ཀོ་རུ་ཡས་དེ་ཁས་ལེན་བྱས་མི་འདུག རྒྱ་ནག་ནི་བྱང་ཀོ་རི་ཡའི་ཚོང་ཤག་ཆེ་ཤོས་དེ་ཡིན་པ་མ་ཟད། ཕྱི་ལོ་༡༩༥༠ ནས་ལོ་ངོ་གསུམ་གྱི་རིང་ལྷོ་བྱང་ཀོ་རི་ཡའི་བར་ལ་དམག་འཁྲུག་རྒྱག་པའི་སྐབས་ཀྱང་། རྒྱ་ནག་གིས་དམག་མི་བཏང་ནས་བྱང་ཀོ་རི་ཡ་ལ་རོགས་པ་བྱས་ཡོད་འདུག

ཨུ་རུ་སུ་དང་རྒྱ་ནག་གཉིས་ནི་བྱང་ཀོ་རི་ཡའི་ཡུན་རིང་གི་མཐུན་གྲོགས་རྒྱལ་ཁབ་ཡིན་ཡང་། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་ནས་བཟུང་། རྒྱལ་ཁབ་དེ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་བྱང་ཀོ་རི་ཡར་བསླེབས་པ་ཐོག་མ་ཆགས་ཡོད་འདུག

ད་ལྟའི་ཆར་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་ཡག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་རི་དང་ལྷོ་ཀོ་རི་ཡའི་བར་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་ཡོད་པར་བརྟེན། བྱང་ཀོ་རི་ཡ་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་དང་། ད་ལྟའི་ཆར་ལྷོ་བྱང་ཀོ་རི་ཡའི་བར་འབྲེལ་བ་ཧ་ཅང་ཞན་པའི་གནས་སུ་གྱུར་ཡོད་འདུག

ཟླ་འདིའི་ཚེས་༢༦ ཉིན་(The Korea Bizwire) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།  ལྷོ་བྱང་ཀོ་རི་ཡིའི་བར་དམག་མཚམས་བཞག་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་དང་བསྟུན། ༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། མགོན་པོ་༸གང་ཉིད་ཀྱིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་ཀྱི་ནང་མཛའ་འབྲེལ་གོང་འཕེལ་དང་ནང་འགྲིག ཕྱི་གསལ་ནང་གསལ་བཅས་ཀྱི་བརྒྱུད་འདས་པའི་དུས་ཡུན་ནང་ཕན་ཚུན་དབར་མི་མཐུན་པའི་གནད་དོན་ཇི་བྱུང་རྣམས་གཙང་བཟོ་གནང་ཐུབ་པའི་ཐུགས་རེ་ཡོད་སྐོར་དང་། རྒྱལ་ཁབ་གཉིས་པོས་ཁེ་དབང་ལ་དམིགས་ཏེ་ཞི་བདེ་མཉམ་གནས་དང་གྲོས་མོལ་བརྒྱུད་ངལ་བ་ཇི་འཕྲད་ཁག་སེལ་ཐབས་གནང་དགོས་རྒྱུ་གལ་ཆེན་ཡིན་པ་དང་། དེ་བཞིན་མགོན་པོ་༸གང་ཉིད་ཀྱིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་པོའི་དབར་འཆམ་མཐུན་ངང་མཉམ་གནས་གནང་རྒྱུ་དེ་ནི་ཀོ་རི་ཡའི་རྒྱལ་ཁབ་གཉིས་པོ་ཙམ་མིན་པར་གོ་ལ་སྤྱིའི་ཞི་བདེ་དང་བརྟན་ལྷིང་ལ་ཕན་ཐོགས་ཡོད་པ་དང་། ལྷག་དོན་འཛམ་གླིང་འདི་དོན་དམ་གྱི་ཞི་བདེ་ཡུན་གནས་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག།

གསར་འགོད་པ།་བློ་བཟང་རྒྱ་མཚོ།