ཨོ་གླིང་གི་གྲོས་ཚོགས་འཐུས་མི་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་ཡིག་ཕུལ་འདུག
ཨོ་གླིང་ས་གནས་གཞོན་ནུ་ལྷན་ཚོགས་ནས་ཨོ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་ཡིག་ཅིག་ཕུལ་བའི་ནང་། བོད་ནང་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་འབྲི་རུ་རྫོང་གི་ཛ་དྲག་གནས་སྟངས་ལ་དོ་ཁུར་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ཕུལ་བའི་ཞུ་ཡིག་དེའི་ནང་། བོད་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་དུ་ཁྱིམ་ཚང་རེའི་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པའི་བཙན་བཀའ་བཏང་བ་ནས་བཟུང་། གནས་སྟངས་དེ་ཤིན་ཏུ་ཛ་དྲག་ཏུ་གནས་ཡོད་སྐོར་བཀོད་འདུག
གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གི་གནས་སྟངས་དེར་དོ་ཁུར་དང་རྒྱབ་སྐྱོར་ཡོང་བའི་ཞུ་ཡིག་དེའི་ནང་། “ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། ༧གོང་ས་མཆོག་དང་བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་”དགོས་ཐུག་ཡོད་པ་དང་། དེའི་རྗེས་སུ་རྒྱ་ནག་དམར་པོའི་བཙན་ཤེད་ཀྱིས་མུ་མཐུད་བོད་ལ་ཡ་ང་སྙིང་རྗེ་མེད་པའི་ཐོག་ནས་དྲག་གནོན་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་ཡོད་པས། ཕྱི་ལོ་ ༢༠༠༩ ནས་བཟུང་“བོད་མི་ ༡༥༧ གྱིས་རང་ལུས་མེ་སྲེག་གིས་”རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་དང་། ༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་དགོས་པའི་མངོན་འདོད་བཏོན་ཡོད་སྐོར་སོགས་བཀོད་འདུག
གཞན་ཡང་། ཞུ་ཡིག་དེའི་ནང་དུ་ཉེ་བའི་ཆར་འབྲི་རུ་རྫོང་གི་ཡུལ་སྐོར་སྣེ་ཤན་པ་དང་། ཁོར་ཡུག་སྲུང་སྐྱོབ་པ་དཀོན་མཆོག་སྤྱིན་པ་ལགས་དང་། བྱིས་པ་གསུམ་གྱི་ཨ་མ་ལྷ་མོ་གཉིས་བཙོན་ཁང་གི་མནར་གཅོད་འོག་ནས་སྐུ་གྲོངས་པ་དང་། ཤུར་མོས་ ༢༠༡༥ ལོར་རང་ལུས་མེ་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཀྱང་། གནས་ཚུལ་དེ་ཕྱི་ལ་ཁྱབ་པར་ལོ་ ༥ འགོར་བ་དང་། གླུ་བ་ལྷུན་གྲུབ་གྲགས་ཀྱིས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་གྱི་གླུ་གཞས་བཏང་བར་ལོ་ངོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལ་སོགས་པས་འབྲི་རུའི་གནས་སྟངས་མཚོན་ཡོད་པ་དང་། དེ་མིན་རྫ་དབོན་པོ་དགོན་གྱི་གྲྭ་པ་བསྟན་འཛིན་ཉི་མ་བཙོན་ཁང་གི་མནར་གཅོད་འོག་ནས་གྲོངས་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་དམར་གསོད་བཏང་བ་སོགས་ཀྱིས་བོད་སྤྱིའི་གནས་སྟངས་བསྟན་པ་སོགས་བཀོད་འདུག
ཞུ་ཡིག་དེ་དང་ལྷན་དུ་ཨོ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་ལ་རེ་སྐུལ་གྱི་དགོས་འདུན་གསུམ་ཡང་བཏོན་འདུག་པ་གཤམ་གསལ་ལྟར་རོ།
༡. རྒྱ་ནག་གཞུང་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་འདུས་པའི་ཆབ་སྲིད་བཙོན་པ་ཚང་མ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་བའི་དགོས་འདུན་འདོན་རོགས།
༢. རྒྱ་ནག་གཞུང་ལ་བོད་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་དུ་འབྲི་རུ་རྫོང་གནས་སྟངས་སེལ་བའི་དགོས་འདུན་འདོན་རོགས།
༣. རྒྱ་ནག་ལ་བོད་ནང་གི་གནས་སྟངས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་གྱི་རྒྱལ་སྤྱིའི་སྐུ་ཚབ་འགྲོ་རུ་འཇུག་དགོས་པའི་དགོས་འདུན་འདོན་རོགས།
ཞུ་ཡིག་དེ་ཕུལ་སྐབས་བརྩོན་འགྲུས་དང་བློ་བཟང་འབྱོར་ལྡན། རྡོ་རྗེ་བཅས་བཅར་ཡོད་པ་རེད།
གསར་འགོད་པ་དཀོན་མཆོག་རབ་བརྟན།