ཨོ་གླིང་གི་མངའ་སྡེ་ཁག་ཅིག་ནང་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་འདུག
དེ་རིང་ཨོ་གླིང་གི་རྒྱལ་ས་སི་ཌི་ནི་ཁུལ་དུ་ཆུ་ལོག་བརྒྱུགས་ནས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་དང་། ས་གནས་ཀྱི་ཡུལ་མི་སྟོང་ཕྲག་མང་པོ་ཉེན་གཡོལ་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཚེས་༨ ཉིན་སྦི་སྦི་སིའི་གསར་ཁང་གི་གནས་ཚུལ་སྤེལ་བའི་ནང་། འདས་པའི་ཟླ་ཕྱེད་ནང་ཨོ་གླིང་གི་མངའ་སྡེ་(New South Wales) དང་ (Queensland) གཉིས་ནང་དྲག་ཆར་ཆེན་པོ་བབ་ནས་ཉུང་མཐར་མི་༢༠ ལྷག་གི་ཚེ་སྲོག་ཤོར་ཡོད་སྐོར་དང་། དེ་རིང་བསྐྱར་དུ་ཨོ་གླིང་གི་རྒྱལ་སར་ཆུ་ལོག་ཆེན་པོ་བརྒྱུགས་ནས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་བརྗོད་འདུག
ཨོ་གླིང་མངའ་སྡེ་(New South Wales) གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་Premier Dominic Perrottet གྱིས། ད་ལྟའི་ཆར་མངའ་སྡེ་གཞུང་ནས་མི་མང་༤༠༠༠༠ ལྷག་གནས་སྤོས་བྱས་ཟིན་པ་དང་། ད་དུང་ཡང་མི་མང་༢༠༠༠༠ ལྷག་ཉེན་གཡོལ་ཆེད་དུ་བསྒུག་ཡོད་སྐོར་གསུངས་འདུག ཁོང་གིས་མུ་མཐུད་བརྗོད་དོན་ལ། ད་རེས་དྲག་ཆར་གྱི་རྐྱེན་པས་རྒྱལ་སའི་བྱང་རྒྱུད་དུ་ཡོད་པའི་ཆུ་མཛོད་(Manly) ཀྱི་ཆུ་ཤོར་བཞིན་པ་དེས་ལྷོ་ནུབ་ཁག་དུ་ཡོད་པའི་གྲོང་ཁྱེར་ཁག་ལ་ཉེན་ཁ་ཆེན་པོ་ཡོད་སྐོར་གསུངས་འདུག
གོང་གི་གནད་དོན་དེའི་སྐོར་གསར་འགོད་པས་ངོ་དེབ་བརྒྱུད་ས་གནས་སུ་ཡོད་པའི་བོད་མི་ཞིག་ལ་འདྲི་སྐབས། ཁོང་གིས་ཨོ་གླིང་མངའ་སྡེ་ (New South Wales) ནང་ཟླ་ངོ་གཅིག་ལྷག་རིང་དྲག་ཆར་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་བརྒྱུགས་ནས་ཁང་པ་༢༠༠༠ ལྷག་གཏོར་བཤིག་དང་ཡུལ་མི་༢༧ ལྷག་གི་ཚེ་སྲོག་ཤོར་ཡོད་སྐོར་གསུངས་སོང་། དེ་བཞིན། ད་རེས་ཀྱི་དོན་རྐྱེན་དེའི་རྐྱེན་གྱིས་ཁོང་རང་ཉིད་ཀྱང་ལས་ཀ་རུ་འགྲོ་མི་ཐུབ་པའི་དཀའ་ངལ་འཕྲད་ཡོད་སྐོར་བརྗོད་སོང་།
གཞན་ཡང་གསར་འགོད་པས་ཁོང་ལ་མངའ་སྡེའི་ནང་དུ་གནས་སྡོད་བོད་མི་རྣམས་ལ་དཀའ་འཕྲད་ཡོད་མེད་སྐོར་འདྲི་སྐབས་དེ་སྐོར་ད་ལྟ་ཁ་གསལ་བརྗོད་རྒྱུ་མེད་ཅེས་གསུངས་སོང་ལ། ཨོ་གླིང་ནི་ཨ་རི་དང་ཀེ་ཎ་ཌ་ཕུད་བོད་མི་སྐྱབས་བཅོལ་བ་མང་ཤོས་གནས་སྡོད་བྱེད་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་རེད།
གསར་འགོད་པ། ཆོས་གྲགས།