ཨོ་གླིང་རི་སྔོན་པོ་དང་ཁུལ་དེའི་བོད་མིའི་འཚོ་བ།
ནགས་ཤོད་ཅོང་བརྡ།
སྟོད་ཆ།
ཨོ་གླིང་གི་རི་སྔོན་པོའི་ཁུལ་ནི་སེད་ཎི་ནས་ནུབ་ཕྱོགས་སུ་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་ཅིང་གནས་མཆོག་དེར་རང་བྱུང་ཁོར་ཡུག་གི་མཛེས་སྡུག་ལྟ་ན་སྡུག་ཅིང་དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་འགྲོས་མངོན་གསལ་དོད་པོ་ཡོད་ས་ཞིག་ཡིན། དེའི་ཕྱིར། ལོ་རེར་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ས་ཡ་བཞི་ལས་བརྒལ་བཞིན་ཡོད་པས་རྒྱལ་ཁབ་འདིའི་ཡུལ་སྐོར་སྤྲོ་སེང་ཡོང་སའི་ས་གནས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
དེ་ཡང་དཔྱིད་ཀའི་དུས་སུ་ཁ་མདོག་མི་གཅིག་པའི་མེ་ཏོག་སྣ་ཚོགས་ཀྱི་རྣམ་པར་བཀྲ་བ་དང་། ཆེ་ཆུང་མི་གཅིག་པའི་བུང་བ་སྣ་ཚོགས་ཀྱིས་གླུ་ཆུང་ལེན་ཞིང་། བྲོ་བ་མི་གཅིག་པའི་སིལ་ཏོག་སྣ་འཛོམས་ཀྱི་སྡོང་བོས་གུས་ལུགས་ཀྱི་མགོ་བོ་དུད། སྐད་གདངས་མི་གཅིག་པའི་བྱ་རིགས་སྣ་ཚོགས་ཀྱིས་གསུང་སྙན་སྒྲོག་བཞིན་པ་ནི་ཕྱོགས་ནས་ཕེབས་པའི་མགྲོན་པོར་འཚམས་འདྲི་ཞུ་བ་དང་མཚུངས།
དབྱར་གྱི་དུས་སུ་རི་རྭ་བ་ཀུན་སྔོ་ལྗང་གི་ན་བཟའ་ནབ་ཅིང་། དེང་གི་དུས་སུ་གློག་ཀླད་དང་ཁ་པར་གྱི་འཆར་ཤེལ་ལ་ཡུན་རིང་བཅར་དྲགས་པའི་མི་རྣམས་ཀྱི་མིག་དབང་གསོ་བའི་སྨན་མཆོག་ཏུ་གྱུར་བཞིན་ཡོད། ལྷག་ཏུ་བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་བཞིན་པ་དེས་ཚ་བས་གདུང་བའི་སྐྱེ་འགྲོ་རྣམས་ལ་ངོམས་པ་མེད་པའི་བདེ་བ་སྟེར་བཞིན་ཡོད་ལ། སྐབས་རེར་ཆར་ཟམ་ཟིམ་ཞིག་འབབ་ཞིང་དེའི་རྗེས་སུ་འཇའ་གུར་དྭངས་མོ་ཞིག་འབེབ་བཞིན་པ་དེས་ཡུལ་འདིར་གདོད་ནས་བྱུང་བའི་རང་བྱུང་གི་ཁོར་ཡུག་དེ་སྔར་མུས་བཞིན་སྦགས་བཙོག་བྱུང་མེད་པ་གསལ་བཤད་བྱེད།
སྟོན་གྱི་དུས་སུ་མཛེས་ཤིང་སྟུག་པའི་ཤིང་ལོའི་ཁ་མདོག་དམར་སེར་དུ་འགྱུར་ཞིང་རི་བོ་འདིས་མཚམས་སྤྲིན་གྱི་ཟ་འོག་གོན་པ་དང་ཡོངས་སུ་མཚུངས། རླུང་བུ་དལ་མོ་ཞིག་གིས་བསྒུལ་བཞིན་པའི་སྡོང་བོའི་ཡལ་ག་རེ་རེ་ནས་མར་ཟགས་བཞིན་པའི་ལོ་མ་རྣམས་ནི་ཁ་དོག་མི་གཅིག་པའི་མེ་ཏོག་གི་ཆར་འབབ་བཞིན་པ་དང་འདྲ་བ་ལ་ཨང་།
དགུན་གྱི་དུས་སུ་ཁ་བ་ཅུང་ཟད་རེ་འབབ་ཅིང་བྱིས་པ་རྣམས་འཁྱག་ཤུད་གློད་བཞིན་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་ལ། དར་མ་རྣམས་ཀྱིས་པར་མིག་སོ་སོའི་མཛའ་བོའི་ཕྱོགས་སུ་གཏད་བཞིན་པའི་སྣང་ཚུལ་ཞིག་མཐོང་རྒྱུ་ཡོད། ཕྱོགས་སྣ་ཚོགས་ནས་ཕེབས་པའི་མགྲོན་པོ་རྣམས་ཀྱིས་ཁ་རླངས་སྐྱ་ཐ་ལེར་ལག་པས་ལག་པ་བསྲོ་བཞིན་པའང་མཐོང་རྒྱུ་ཡོད་ལ། དཀར་སངས་སངས་ཀྱི་ཁ་བའི་དར་གོས་གྱོན་པའི་རི་བོ་འདིས་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་ལ་ངོ་མཚར་ལྟ་ན་སྡུག་པའི་ཞིང་གཞན་ཞིག་ཏུ་སླེབས་པའི་ཚོར་སྣང་འགོག་མེད་དུ་སྟེར།
དེ་ལྟ་བུའི་ངོ་མཚར་ཞིང་ལྟ་ན་སྡུག་པའི་རི་བོ་ཆེན་པོ་འདི་ཉིད་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནགས་ཀླུང་ཆེན་པོ་ཞིག་གི་གོས་གོན་ཡོད་ལ། དཔང་མཐོ་ཞིང་ངོས་གཟར་བའི་བྲག་རྒྱུན་རིང་པོ་ཞིག་གི་སྐེད་རགས་བཅིངས་ཡོད། རྒྱ་ཆེ་ཞིང་ཁོད་ཡངས་བའི་སྤང་ཐང་སྔོན་པོ་ཞིག་གི་ཞྭ་མོ་གོན་ཡོད་ལ། དྭངས་ཤིང་གཙང་བའི་ཆུ་ཕྲན་སྣ་ཚོགས་ཀྱི་རྒྱན་ཆའང་བཏགས་ཡོད།
དེའི་ཕྱིར་སྐད་རིགས་དང་གོམས་གཤིས་མི་གཅིག་པའི་ཡུལ་སྐོར་བའི་འདུ་འཛི་རབ་ཏུ་རྒོད་ཅིང་། ཆ་ལུགས་དང་ཡུལ་སྲོལ་མི་མཚུངས་པའི་ཕྱོགས་ནས་ཕེབས་པའི་མགྲོན་པོའི་གདོང་ནས་མཐོང་དཀོན་བའི་འཛུམ་མདངས་རེ་རེ་མཇལ་རྒྱུ་ཡོད། འཁོན་སེམས་དང་དྲན་གདུང་། ཕམ་ཁ་དང་ཇུས་ཉེས། ཁོ་ཆད་དང་འུ་ཐུག་པའི་མི་མང་པོ་ཞིག་ངོ་མཚར་བའི་ས་འདིར་འབྱོར་བ་དང་ངལ་དུབ་ཡོད་ཚད་གཏིང་བརྗེད་དུ་འགྲོ་ཞིང་རེ་བ་དང་ཡིད་ཆེས། སྤོབས་པ་དང་གདེང་ཚོད་ཀྱིས་ཁེངས་ཤིང་རང་ཡུལ་དུ་ལོག་འགྲོ་བའང་མཐོང་རྒྱུ་ཡོད།
རི་བོ་འདིའི་རྩེ་མོ་རུ་བུ་མོ་སྤུན་གསུམ་ཞེས་པའི་བྲག་མདུང་གནམ་ལ་ལངས་པ་གསུམ་ཡོད་ཅིང་། དེ་ནི་ས་འདིའི་གདོད་མའི་མི་རིགས་ཀྱི་ལྷ་རུ་འདོད་ལ་དེ་འབྲེལ་གྱི་སྒྲུང་ཡང་སྙན་ལ་རིང་བ་ཞིག་བཤད་རྒྱུ་ཡོད།
ས་འདིར་སླེབས་ཚེ་ངེས་པར་དུ་བུ་མོ་སྤུན་གསུམ་ལ་ལྟ་རུ་འགྲོ་དར་བ་དང་། དེའི་རྒྱབ་ལྗོངས་སུ་ཡོད་པའི་པར་དང་བརྙན་སྣ་ཚོགས་ལེན་བཞིན་པའང་རྒྱུན་ལྡན་ཡིན།
ལྷག་ཏུ་གཉེན་སྒྲིག་གི་བརྙན་པར་ལེན་མཁན་དང་། བརྩེ་དུང་གི་དུས་ཆེད་བཟོས་པའི་ན་གཞོན་ཕོ་མོ་མང་པོས་པར་མིག་དང་བརྙན་མིག་གཏད་ས་གཙོ་བོ་ཞིག་ཀྱང་བུ་མོ་སྤུན་གསུམ་ཞེས་པའི་བྲག་མདུང་གནམ་ལ་ལངས་པ་དེ་ཡིན།
ད་དུང་རི་བོ་འདིའི་རྩེ་མོ་ནས་ཉི་མའི་འཆར་ནུབ་ངོ་མཚར་བ་ཞིག་བལྟ་རྒྱུ་འདུག་པས་ཡུལ་སྐོར་བ་རྣམས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱ་ཞིང་བརྙན་མིག་ཉི་མར་གཏད་དེ་དུས་ཚོད་གཉིས་གསུམ་ཙམ་རེ་གཡོ་འགུལ་མེད་པར་འདུག་བཞིན་པ་ནི་དགོད་བྲོ་ལ་ངོ་མཚར་བ་ཞིག་ཀྱང་རེད།
དེས་མ་ཚད། ཞོགས་པ་སྔ་ཙམ་ལངས་ཤིང་བལྟས་ཚེ་སྤྲིན་དཀར་དར་དཀར་འདྲ་བ་དག་རི་སྐེད་དུ་མར་འབབ་ཅིང་རིའི་རྩེ་མོ་སྤྲིན་པའི་གོང་དུ་དོན་ཡོད་པ་ནི་ཕྱིང་དཀར་ཆེན་པོ་ཞིག་འབྲོང་གི་རྭ་རྩེ་རུ་གོན་ཡོད་པ་དང་གཉིས་སུ་མེད་པ་ནི་ངོ་མཚར་བའི་ལྟད་མོ་གཞན་ཞིག་ཀྱང་ཡིན།
སྨད་ཆ།
དེ་ལྟ་བུའི་རི་བོ་གཟི་བརྗིད་ཅན་དེའི་ཁུལ་དུ་བཙན་པོའི་རྣམ་ཤེས་ཐོག་པའི་གདོང་དམར་བ་ལྔ་བཅུ་ལྷག་ཙམ་ཞིག་མི་རིགས་འདིའི་བདེ་སྡུག་སེམས་ཀྱི་ཁུད་དུ་ཉར་ཞིང་བསྡད་ཡོད། གདོང་དམར་བ་ཉུང་ཤས་དེའི་ཁྲོད་དུ་ཆོས་ཚོགས་ཆེན་པོ་གཉིས་ཡོད་ཅིང་། གཅིག་ནི་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ཡིན་ཞིང་དེའི་ནང་དུ་དགེ་བཤེས་བརྩོན་འགྲུས་ལགས་བཞུགས་ཡོད། གཅིག་ཤོས་ནི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཡིན་ཞིང་། དེའི་འཛིན་སྐྱོང་མཁན་ཆེན་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གནང་བཞིན་ཡོད། ༸གོང་ས་མཆོག་གི་འཁྲུངས་སྐར་དང་། བཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན། འཛམ་གླིང་སྤྱི་བསང་། ཚེས་བཅུ་ཉེར་ལྔ་སོགས་ཆོས་ཕྱོགས་ཀྱི་ལས་རིམ་ཕལ་ཆེ་བ་ཆོས་ཚོགས་དེ་གཉིས་ཀྱི་ནང་དུ་སྤེལ་བཞིན་ཡོད།
བོད་པས་གཉེར་བའི་ཚོང་ཁང་གཅིག་ཡོད་ཅིང་དེའི་ནང་དུ་བོད་རང་གི་རྒྱན་ཆའི་རིགས་འདྲ་མིན་དང་། ལྷག་པར་དུ་རྒྱུ་རྙིང་རྩ་ཆེན་རྙེད་དཀའ་བ་དེ་འདྲ་དང་། གཡུ་དང་བྱུ་རུ་དངུལ་དང་མུ་ཏིག་སོགས་རིན་པོ་ཆེའི་རིགས་ཀྱང་སྣ་ཚོགས་བཙོང་རྒྱུ་ཡོད། ཚོང་ཁང་དེའི་མིང་ལ་བོད་ཀྱི་བུ་མོ་སྤུན་གསུམ་ཟེར་ཞིང་དེ་གཉེར་མཁན་བཀྲ་ཤིས་དར་རྒྱས་ལགས་ནི་མི་ཚེར་ཚོང་ལས་གཉེར་བཞིན་པའི་མི་ཕོ་འཇོན་ཐང་དང་ཉམས་མྱོང་ཅན་ཞིག་ཡིན།
དེ་མིན་བོད་ཀྱི་ཟ་ཁང་གཉིས་ཡོད་ཅིང་གཅིག་ནི་གུས་པས་གཉེར་བའི་བོད་ཀྱི་ཐབ་ཚང་ཡིན། ཕྲན་གྱིས་གཙོ་བོ་བོད་ཟས་བཙོང་བཞིན་ཡོད་ལ། བོད་ཟས་ཀྱི་བྲོ་བ་ནི་དྲོ་སྐྱིད་ལྡན་པའི་བོད་ཁྱིམ་ཞིག་གི་ཟ་མའི་བྲོ་བ་ཡོང་རྒྱུར་འབད་བཞིན་པ་ཡིན།
གཅིག་ཤོས་ནི་ངག་དབང་དང་བློ་བཟང་བསྙན་གྲགས་གཉིས་ཀྱིས་གཉེར་བའི་ཨ་མའི་འཚིག་ཇ་ཁང་ཞེས་པ་དེ་ཡིན་ཞིང་། ཁོང་གཉིས་ཀྱིས་གཙོ་བོ་ཕྱི་ལུགས་དང་བོད་ལུགས་མཉམ་འདྲེས་ཀྱི་ཟས་རིགས་དང་འཚིག་ཇ་སོགས་བཙོང་བཞིན་ཡོད། ཁོང་གཉིས་ནི་འཇོན་ཐང་གཅིག་ཆེ་གཉིས་ཆེ་དང་ཉམས་མྱོང་དེ་བའི་ཆེ་བ་ཡོད་པས་ཚོང་ལས་ཀྱི་ཁ་ལས་དགེ་བཞིན་པ་ཡིན།
དེ་མིན་བོད་པ་རྩམ་པ་བཙོང་མཁན་གཅིག་ཡོད་ཅིང་དེ་ནི་ཨ་ཆེ་ཟེར་བའི་བུད་མེད་འཇོན་ནུས་གཉིས་ལྡན་ཞིག་ཡིན། མོ་རང་གིས་སྤུས་དག་པའི་འབྲུ་ཉོ་སྒྲུབ་དང་བྲོ་བ་དང་དྲི་ཞིམ་པའི་རྩམ་པ་འཐག་ཅིང་། ས་འདིའི་སྐྱབས་བཅོལ་བོད་མི་རྣམས་ལ་ཕ་ཟས་སྦྲང་དཀར་རྩམ་པ་ཟ་རྒྱུ་མེད་པའི་དཀའ་ངལ་ཡོངས་སུ་སེེལ་ཡོད།
གཞན་ཡང་གཟའ་འཇུག་སློབ་གྲྭ་གཅིག་ཡོད་ཅིང་། དེའི་འཛིན་སྐྱོང་ཤེལ་དགེ་འདུན་ཚེ་རིང་ཟེར་བའི་མི་ཕོ་ལྷག་བསམ་ཅན་ཞིག་གིས་བྱེད་བཞིན་ཡོད། གཟའ་འཇུག་སློབ་གྲྭ་དེར་གཙོ་བོ་བོད་ཕྲུག་རྣམས་རང་གི་སྐད་ཡིག་བསློབ་ས་ཡིན་ཞིང་ཞོར་དུ་མི་རིགས་གཞན་པར་བོད་ཀྱི་སྐད་ཡིག་སློབ་བཞིན་ཡོད་པས་རི་བོ་འདིའི་རྩེ་མོ་རུ་བོད་ཆེན་པོའི་སྐད་ཡིག་གི་དབྱངས་རྟ་ལྷང་ལྷང་དུ་ཉན་རྒྱུ་ཡོད།
ཟློས་གར་ཚོགས་པ་གཅིག་ཡོད་ཅིང་དེའི་འགན་རྐང་ས་འཛིན་ཞེས་པའི་བུད་མེད་སྤྱི་སེམས་གྱི་ཕྱུག་པ་ཞིག་གིས་བྱེད་བཞིན་ཡོད་པས་རེས་གཟའ་ལྷག་པ་ཕལ་ཆེ་བ་དང་དེ་མིན་དུས་ཆེན་དང་མཉམ་འཛོམ་སྟོན་མོ་སོགས་ལ་བོད་གཞས་སྦྱོང་སྤྱོད་སྤེལ་གསུམ་བྱ་མུས་ཡིན།
མི་གསུམ་ལས་གྲུབ་པའི་འོས་བསྡུ་ཚོགས་ཆུང་ཞིག་ཡོད་ཅིང་དེས་ངེད་ཅག་གི་སྲིད་སྤྱི་གཉིས་ཀྱི་འོས་བསྡུས་མཚོན་པའི་འོས་འཕེན་དུ་ཐག་རིང་ལ་འགྲོ་དགོས་པའི་དཀའ་ངལ་ཆ་ཚང་སེལ་ཡོད།
སྤྱིར་ས་གནས་འདིར་བོད་རིགས་མཐུན་ཚོགས་ཟེར་བའི་བཟོ་འདྲ་དེའི་རིགས་མེད་ཀྱང་། ཕན་ཚུན་རོགས་རམས་བྱ་དགོས་ས་དང་། སྤྱི་པའི་ལས་ཀ་བྱ་དགོས་ས་སོགས་ལ་སུ་ཁོམ་སུས་འཇོན་གྱི་དང་བླངས་བྱ་རྒྱུ་ལག་སུ་སྔ་རྩོད་བཞིན་ཡོད་པས་ས་གནས་འདི་ནས་སྤྱི་སྒེར་གཉིས་ཀར་འཐུས་ཤོར་ཕྲ་མོ་ཙམ་ཡང་བྱུང་མེད།
དེ་ཡང་ཟླ་བ་གསུམ་པའི་ཚེས་པ་བཅུའི་གཡས་གཡོན་ལ་ས་འདིའི་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་བོད་ཆེན་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་པ་མཐོང་རྒྱུ་ཡོད་ལ། ས་འདིའི་ཡུལ་སྐོར་གྱི་འདུ་འཛི་རྒོད་ས་(Leura) ལོས་རཱ་ཞེས་པ་རུ་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་སྒྲེང་འཛུགས་བྱ་སྲོལ་ཡོད་པས། དེ་དག་གི་ཁྲོད་དུ་བོད་ཆེན་པོའི་རྒྱལ་དར་གྱི་གཟི་བརྗིད་འཛམ་གླིང་གི་རྒྱལ་དར་གཞན་པ་དང་མཉམ་དུ་ངོམ་བཞིན་པ་ལགས།
༸གོང་ས་ཐམས་ཅད་མཁྱེན་པ་ས་ཁུལ་འདིར་ཕེབས་ཤིང་བླང་དོར་གྱི་སྦྲང་ཆར་ས་འདིའི་སྐྱེ་བོ་ཁྲི་ཕྲག་མང་པོའི་སེམས་ཀྱི་མྱ་ངམ་ཐང་དུ་འབེབས་མྱོང་བས། ཁུལ་འདིའི་གཞུང་དམངས་གཉིས་ཀས་བོད་མི་རིགས་པ་ལྟ་སྟངས་ཤིན་ཏུ་ལེགས། ང་ཚོ་ས་འདིར་གསར་དུ་འབྱོར་དུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ག་གེ་མོས་ང་ཚོར་འཚམས་འདྲི་ཞུ་རུ་ཡོང་བ་དང་ང་ཚོ་མི་བཅུ་ལ་འགྲོ་འདུག་སྟབས་བདེའི་ཡོང་ཆེད་དུ་རླངས་འཁོར་རེ་རེ་གནང་བྱུང་བ་སོགས་ས་འདིའི་གཞུང་དམངས་གཉིས་ཀ་བཀའ་དྲིན་ཤིན་ཏུ་ཆེ། དེ་བཞིན་ཐེངས་དང་པོ་ས་འདིར་གནས་བཅའ་མཁན་གྱི་བོད་པ་རྣམས་ཀྱིས་ཁོ་ཚོར་བག་ཆགས་ཡག་པོ་བཞག་པོད་པས་ཡིན་པ་ཡང་སེམས་ཀྱིས་ཤེས་ཡོད།
སྤྱི་ལོ་༢༠༢༡.༠༣.༠༥. ཉིན་ལ།