ཨོ་གླིང་སིད་ནི་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་རྒོལ་ལས་འགུལ་ཐེངས་༡༦ པ།
ཟླ་འདིའི་ཚེས་༢༣ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་བཟང་འབྱོར་ལྡན་གྱིས་ཨོ་གླིང་སིད་ནི་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་རྒོལ་ལས་འགུལ་ཐེངས་བཅུ་དྲུག་པ་དེ་སྤེལ་ཡོད་པ་དང་། ཁོང་གིས་༢༠༢༠ ལོའི་ཕྱི་ཟླ་༦ ཚེས་༡༠ ནས་འགོ་འཛུགས་བྱས་ཏེ། གཟའ་འཁོར་རེའི་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་དེ་སྤེལ་གྱི་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ ཉིན་ཁོང་གིས་འདི་ག་གསར་ཁང་ལ་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་སྐབས། ཐོག་མར་ལས་འགུལ་དེ་སྤེལ་སྐབས་ཐེངས་གཉིས་ལ་ཆབ་སྲིད་བཙོན་ཟུར་གྲྭ་བག་བྲོ་མཉམ་ཞུགས་བྱས་ཡོད་པ་དང་། ལས་འགུལ་ཐེངས་བརྒྱད་པའི་སྐབས་ས་གནས་གཞོན་ནུའི་ཚོགས་གཙོ་ཚོགས་གཞོན་དང་རོགས་པ་ཁག་ཅིག་མཉམ་ཞུགས་བྱས་སྐོར་འགྲེལ་བརྗོད་བྱས་སོང་།
ལས་འགུལ་ཐེངས་བཅུ་པའི་སྐབས་སུ་ཁོང་གིས་འཕྲེད་དར་དང་སྦྱར་ཡིག་ཁྱེར་ནས་ཡོང་སྐབས་རྒྱ་མི་གསུམ་གྱིས་ཁོང་བཀག་འགོག་དང་རྡུང་གྲབས་བྱས་ནས་འཇིགས་སྐུལ་བྱས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་དེའི་དམག་མི་ཟུར་པ་རྗོན་(John ས་གནས་དེའི་དཔོན་རིགས་དགེ་ཡོལ་ཟིན་པ་ཞིག་ཡིན་འདུག) བསླེབས་ནས་རྒྱ་རིགས་དེ་ཚོ་བཀག་འགོག་བྱས་ཏེ་གཤེ་བ་མ་ཟད། བོད་མི་དེ་ཚོ་ཁོང་གིས་ཧ་གོ་ཡི་ཡོད་ཅེས་ཉིན་གཅིག་རིང་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག
ཆབ་སྲིད་བཙོན་ཟུར་བློ་བཟང་འབྱོར་ལྡན་གྱིས་ལས་འགུལ་དེ་སྤེལ་དགོས་པའི་དགོས་འདུན་གཙོ་བོ་གསུམ་བཏོན་ཡོད་པ་དང་། ༡ ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་དགོས། ༢ རྒྱ་ནག་དམར་ཤོག་གཞུང་ནས་རྒྱ་ནད་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་བཏང་བར་རྒྱ་ནག་གཞུང་ནས་འགན་ཁུར་དང་ལེན་བྱེད་དགོས། ༣ རྒྱ་ནག་གི་ཅ་དངོས་ཉོ་ཚོང་འཚམས་འཇོག་བྱེད་དགོས་བཅས་ཡིན་པ་དང་། བོད་དུ་རྒྱ་ནག་གིས་བཙན་འཛུལ་ལ་ངོ་རྒོལ་དང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་ཡོད་ཅེས་པའི་སྦྱར་ཡིག་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།