ཨོ་རྩལ་འགྲན་ཚོགས་སྐབས་སུ་རྒྱལ་ཁབ་གསུམ་གྱི་རྒྱལ་དར་འཁྱེར་ཆོག་མི་འདུག

ཟླ་འདིའི་ཚེས་༣༠ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥ་རན་སི་ལ་འཚོག་བཞིན་པའི་ཨོ་རྩལ་འགྲན་ཚོགས་ནང་རྒྱལ་ཁབ་གསུམ་གྱི་རྒྱལ་དར་བཀག་འགོག་བྱས་ཡོད་འདུག

པར།Dark Reading

ཟླ་འདིའི་ཚེས་༢༦ ་ཉིན་རྒྱལ་སྤྱིའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་དེ་ཧྥ་རན་སིའི་རྒྱལ་སར་འགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཁྲོད་རྒྱལ་ཁབ་༡༨༤ ཙམ་ནས་རྩེད་འགྲན་པ་ཁྲི་གཅིག་ལྷག་མཉམ་ཞུགས་བྱས་ཡོད་འདུག ཡིན་ཡང་། ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་ཡུག་རེན་བཙན་འཛུལ་བྱས་པ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སིས་ཨུ་རུ་སུའི་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པའི་དབང་གིས་རྒྱལ་ཁབ་དེ་གཉིས་ཀྱི་རྩེད་འགྲན་པ་རྣམས་རྒྱལ་ཁབ་ཀྱི་མིང་ཁྱེར་ནས་རྩེད་འགྲན་ནང་མཉམ་ཞུགས་བྱེད་མི་ཆོག་པ་བཟོས་ཡོད་འདུག
ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༠ ་ཉིན་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་མཇུག་བསྒྲིལ་ནས་ཉིན་གཉིས་སོང་རྗེས། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པར་བརྟེན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་ཨུ་རུ་སུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲོས་མཐུན་ལས་འགལ་ཡོད་པར་བཤད་ནས་ཨུ་རུ་སུ་དང་བྷེ་ལ་རུ་སི་གཉིས་ལ་ཉེས་ཆད་ཐོག་མ་བཅད་ཅིང་། ཕྱི་ལོ་༢༠༢༣ ལོ་ཨོ་རྩལ་ཚོགས་པས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པར་རྒྱབ་སྐྱོར་བྱེད་མཁན་གྱི་ལུས་རྩལ་བ་སུ་ཡིན་རུང་འགྲན་བསྡུར་ནང་ཞུགས་མི་ཆོག་པ་དང་། ཨུ་རུ་སུ་དང་བྷེ་ལ་རུ་སིའི་ལུས་རྩལ་པ་ཚོས་རང་ཉིད་ཀྱི་རྒྱལ་ཁབ་བམ། རྒྱལ་ཁབ་དང་འབྲེལ་བའི་ཚོགས་པ་གང་རུང་གི་ཚབ་མིན་པའི་ཐོག་ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་བྱ་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་འདུག

ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་སུ་ཨུ་རུ་སུའི་ལུས་རྩལ་བ་༡༥ དང་བྷེ་ལ་རུ་སིའི་ལུས་རྩལ་བ་༡༧ ་བཅས་ལུས་རྩལ་བ་ཁྱོན་༣༢ ་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་མིན་པ་དམིགས་བསལ་གྱི་བར་གནས་(དམག་འཁྲུག་ལ་རྒྱབ་སྐྱོར་མི་བྱེད་མཁན) ་ལུས་རྩལ་བའི་མིང་ཐོག་ནས་རྩེད་འགྲན་ནང་མཉམ་ཞུགས་བྱས་ཡོད་འདུག རྩེད་འགྲན་པ་རྣམས་ཀྱིས་རྒྱལ་དར་འཁྱེར་མི་ཆོག་པ་དང་རྒྱལ་གླུ་ཡང་ལེན་ཆོག་གི་མེད་པ་རེད་འདུག

པར། ཐའེ་ཝན་གྱི་གསར་འགྱུར།

གཞན་ཡང་། ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་སུ་ཐའེ་ཝན་གྱི་མི་སེར་ཡིན་པའི་ལུས་རྩལ་བ་༦༠ ཡོད་ན་ཡང་། ཁོང་ཚོས་རྒྱ་ནག་གི་ཐའེ་པེ་ཞེས་པའི་མིང་ཐོག་ནས་འགྲན་བསྡུར་བྱེད་ཀྱི་ཡོད་པ་ལས་ཐའེ་ཝན་གྱི་རྒྱལ་དར་འོག་ཏུ་འགྲན་བསྡུར་བྱེད་ཀྱི་མེད་པ་རེད་འདུག
རྒྱ་ནག་གི་ཐའེ་པེ་ཞེས་པ་ཐོག་མར་༡༩༨༤ ལོར་ལོ་སི་ཨེན་ཇེ་ལེ་སི་(Los Angeles) ་གྲོང་ཁྱེར་གྱིས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་སྐབས་ངོ་སྤྲོད་བྱུང་ཡོད་པ་དང་། རྗེས་སུ་རྒྱ་ནག་དང་ཨོ་རྩལ་ཚོགས་ཆུང་གཉིས་ཀྱིས་གྲོས་མཐུན་བཞག་པར་བརྟེན། ཕྱི་ལོ་༡༩༨༠ ལོ་ཐའེ་ཝན་གྱི་རྩེད་འགྲན་པ་ཚོས་ངོ་རྒོལ་གྱིས་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱས་མེད་པ་རེད་འདུག

ཕྱི་ལོ་༡༩༦༠ ལོར་ཨོ་རྩལ་འགྲན་ཚོགས་ཁྲོད་ཐའེ་ཝན་ཞེས་པའི་མིང་དེ་བེད་སྤྱོད་བྱས་ཡོད་འདུག་པར་བརྟེན། ཕྱི་ལོ་༢༠༡༨ ལོར་ཐའེ་ཝན་ནང་རྒྱ་ནག་གི་ཐའེ་ཝན་ཞེས་པའི་མིང་དེ་ཐའེ་ཝན་ལ་སྒྱུར་དགོས་མིན་ཐོག་མང་མོས་འོས་བསྡུ་བྱེད་སྐབས། མི་མང་ཆེ་བས་མིང་བསྒྱུར་བར་རྒྱབ་སྐྱོར་བྱས་མེད་པར་བརྟེན། ད་ལྟའི་རྩེད་འགྲན་པ་ཚོས་རྒྱ་ནག་གི་ཐའེ་པེ་ཞེས་པའི་མིང་འོག་ཏུ་འགྲན་བསྡུར་བྱེད་དགོས་པ་ཆགས་ཡོད་འདུག

ཨོ་རྩལ་འགྲན་ཚོགས་དེའི་ཁྲོད་རྩེད་འགྲན་པ་ཙམ་མིན་པ་ལྟད་མོ་བ་ཚོས་ཀྱང་ཐའེ་ཝན་གྱི་རྒྱལ་དར་དང་རྒྱལ་དར་གྱི་པར་སོགས་གང་ཡང་འཁྱེར་ཆོག་གི་མེད་པ་རེད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།