ཨོ་སི་ཀྲོ་ལི་ཡ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གྲོས་མཐུན་རྩིས་མེད་བཏང་འདུག

ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཚད་གཞི་དམའ་བོ་ཡོད་བཞིན་པའི་སྐབས་སུ། ཨོ་སི་ཀྲོ་ལི་ཡ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་དང་ལམ་གཅིག་གི་གྲོས་མཐུན་རྩིས་མེད་བཏང་བའི་ཐག་གཅོད་བྱས་ཏེ། རྒྱ་ནག་ནས་སྐྱོན་བརྗོད་ཆེན་པོ་བྱས་འདུག

ཟླ་༤ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡ་གཞུང་གིས་དབང་ཚད་བེད་སྤྱད་ནས་རྒྱལ་ཁབ་དེའི་མངའ་སྡེ་ཝིག་ཀྲོ་རི་ཡ་དང་རྒྱ་ནག་གཞུང་བར་རྒྱུད་གཅིག་དང་ལམ་གཅིག་གི་གྲོས་མཐུན་བཞག་པ་དེ་རྩིས་མེད་བཏང་འདུག དེ་ཡང་ཁྲིམས་ནང་དུ་གལ་ཏེ་མངའ་སྡེ་ཁག་གི་གཞུང་དང་ཤེས་ཡོན་བསྟི་གནས་ཁང་ཁག་གིས། ཕྱིའི་རྒྱལ་ཁབ་ཁག་དང་གྲོས་མཐུན་བཞག་པ་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་བདེ་འཇགས་ལ་ཉེན་ཚབས་ཡོད་པ་མཐོང་ཚེ། དབུས་གཞུང་གིས་གྲོས་མཐུན་དེ་དག་རྩིས་མེད་གཏོང་ཆོག་གི་ཡོད་པ་རེད་འདུག་ཀྱང་། ད་བར་མ་གཏོགས་དབང་ཚད་དེ་བེད་སྤྱོད་བཏང་མྱོང་མེད་པ་རེད་འདུག

དེ་ཡང་ཕྱི་ལོ་༢༠༡༨ དང་༢༠༡༩ ལོར་ཝིག་ཀྲོ་རི་ཡ་མངའ་སྡེ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་དང་ལམ་གཅིག་གི་ལས་གཞི་འོག རྒྱ་ནག་དང་གྲོས་མཐུན་གཉིས་བཞག་ཡོད་པ་རེད་འདུག སྐབས་དེར་ཐག་གཅོད་དེར་ཨོ་སི་ཀྲོ་ལི་ཡའི་དབུས་གཞུང་དང་སྐབས་དེའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པཱོམ་པཱེ་གཉིས་ནས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད་འདུག

ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཐག་གཅོད་དེ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་ཡིན་སྐོར་བརྗོད་འདུག་ཀྱང་། རྒྱལ་ཁབ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཐག་གཅོད་དེ་ནི་འཁྲུག་སློང་གི་བྱ་སྤྱོད་གཅིག་ཡིན་སྐོར་བརྗོད་ནས། ཐག་གཅོད་དེས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། མཐའ་མཇུག་ལ་ཨོ་སི་ཀྲོ་ལི་ཡ་སོ་སོ་རང་ཉིད་ལ་གྱོང་གུད་ཐེབས་རྒྱུ་ཡིན་པ། དེ་བཞིན་ཐག་གཅོད་དེ་ལ་བརྟེན་ནས་ཨོ་སི་ཀྲོ་ལི་ཡ་གཞུང་ལ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ལྷག་བསམ་མེད་པ་བསྟན་ཡོད་སྐོར་བརྗོད་འདུག

ཐེངས་འདིར་རྒྱ་ནག་དང་བཞག་པའི་གྲོས་མཐུན་གཉིས་རྩིས་མེད་བཏང་ཡོད་ཁར། ཕྱི་ལོ་༢༠༠༤ ལོར་ཝིག་ཀྲོ་རི་ཡའི་ཤེས་ཡོན་ལས་ཁང་དང་ཨི་རན་མཉམ་དུ་བཞག་པའི་གྲོས་མཐུན་དང་། ཕྱི་ལོ་༡༩༩༩ ལོར་སི་རི་ཡ་དང་མཉམ་དུ་ཚན་རིག་ལས་དོན་མཉམ་ལས་ཀྱི་གྲོས་མཐུན་རྩིས་མེད་བཏང་འདུག་པས། ཁྱོན་བསྡོམས་གྲོས་མཐུན་བཞི་རྩིས་མེད་བཏང་འདུག

ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་(Payne)གྱིས། གྲོས་མཐུན་བཞི་པོ་དེ་དག་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་དང་མཐུན་གྱི་མེད་སྐོར་བརྗོད་ནས། དབུས་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་ནས་རྒོལ་ལན་སློག་རྒྱུའི་ཚོད་དཔག་བྱེད་ཀྱི་མེད་སྐོར་བརྗོད་འདུག

ཨོ་སི་ཀྲོ་ལི་ཡའི་ཨར་ལས་ཚོང་ལས་ཁང་(Probuild) ཞེས་པ་དེའི་བདག་དབང་བརྒྱ་ཆ་༨༨ ཚོང་རྒྱུ་བྱས་འདུག་པ་དང་། རྒྱ་ནག་གཞུང་གི་བདག་དབང་འོག་ཡོད་པའི་(China State Construction Engineering Corp) ཚོང་ལས་ཁང་གིས། ཨོ་སི་ཀྲོ་ལི་ཡའི་ཨར་ལས་ཚོང་ལས་ཁང་དེ་ཉོ་ཆེད་དུ་ཨ་སྒོར་ས་ཡ་༣༠༠ ལྷག་སྤྲོད་རྒྱུ་བྱས་ནས་ཕྱོགས་གཉིས་བར་གྲོས་མཐུན་བྱུང་ཡོད་འདུག་ཀྱང་། ཚོང་འབྲེལ་དེ་རིགས་ལ་ཨོ་སི་ཀྲོ་ལི་ཡའི་གཞུང་གི་དངུལ་མཛོད་ལས་ཁང་དང་། ཕྱིའི་རྒྱལ་ཁབ་ཁག་ནས་མ་འཛུགས་བསྐྱར་ཞིབ་ཚོགས་ཆུང་གཉིས་ཀྱི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་འདུག་པས། ཟླ་༡ པོའི་ཚེས་༡༡ ཉིན་ཨར་ལས་ཚོང་ལས་ཁང་དེའི་བདག་པོ་ཡིས། ཚོང་ལས་ཁང་དེ་རྒྱ་ནག་གི་ཚོང་ལས་ཁང་ལ་ཚོང་རྒྱུའི་ལས་དོན་དེ་མཇུག་སྐྱོང་བྱེད་རྒྱུ་མིན་པ་དང་། དེའི་རྒྱུ་མཚན་ནི་ཨོ་སི་ཀྲོ་ལི་ཡ་གཞུང་གིས་ལས་དོན་དེ་མཇུག་སྐྱོང་བྱས་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཐག་གཅོད་ཀྱིས་ཆོག་མཆན་སྤྲད་མེད་པ་ཡིན་སྐོར་བརྗོད་འདུག་པས། སྐབས་དེར་རྒྱ་ནག་གཞུང་ཚབ་ཁང་གིས་གནས་ཚུལ་དེར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།

ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐོག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ཡང་དགག་པ་བརྒྱབ་ཡོད་པས། རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་ནས་གླང་ཤ གདུང་ཤིང་། རྡོ་སོལ། ཆང་སོགས་ནང་འདྲེན་བཀག་འགོག་བྱས་པ་སོགས་རྒོལ་ལན་བསློགས་ཡོད་ཁར། ལོ་སྔོན་མའི་ཟླ་༩ པའི་ནང་རྒྱ་ནག་ནང་དུ་ཡོད་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་མཐའ་མ་གཉིས་བདེ་འཇགས་ཀྱི་སེམས་འཚབ་འོག་ཕྱིར་ལོག་བྱས་ཡོད་པ་སོགས་ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཚད་གཞི་དམའ་བོར་གནས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།