ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་རྒྱ་ནག་གི་གནོན་ཤུགས་ཆེན་པོ་ཡོད་པའི་སྙན་ཐོ་བཏོན་འདུག
ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཡོད་པའི་རྒྱ་ནག་གི་སློབ་མ་རྣམས་དང་། དེ་བཞིན་རྒྱ་རིག་པའི་དགེ་རྒན་སོགས་ལ་རྒྱ་ནག་གཞུང་གི་གནོན་ཤུགས་དང་སྡིགས་བསྐུལ་སོགས་བྱེད་ཀྱི་ཡོད་ཁར། བྱ་སྤྱོད་དེ་རིགས་ཀྱིས་རང་དབང་ལྡན་པའི་ཤེས་ཡོན་དང་སྨྲ་བརྗོད་རང་དབང་གི་ཁོར་ཡུག་གཅིག་མེད་པ་ཆགས་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག
ཟླ་༦ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག་པ་དང་། དེའི་ནང་ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་དང་ཧོང་ཀོང་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་མ་དང་། དེ་བཞིན་རྒྱ་རིག་པའི་དགེ་རྒན་ཁག་ལ་བཅར་འདྲི་བྱས་ཡོད་པ་རེད།
བཅར་འདྲི་བྱས་པའི་ཁོངས་ནས་སློབ་མ་དང་དགེ་རྒན་༥༠ ལ་ཉེ་བས་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་འཇིགས་སྣང་གི་ཁོར་ཡུག་གཅིག་ཆགས་ཡོད་པ་དང་། གནས་སྟངས་དེ་ཉེ་བའི་ལོ་ཤས་ནས་སྡུག་ཏུ་ཕྱིན་ཡོད་སྐོར་བརྗོད་འདུག
ཞིབ་འཇུག་པས་སློབ་མ་གསུམ་གྱི་གནད་དོན་ལ་དོན་དངོས་ར་སྤྲོད་བྱེད་ཐུབ་པ་བྱུང་འདུག་པ་དང་། དེ་ཡང་སློབ་མ་རྣམས་ཀྱིས་བརྗོད་དོན་ལ། ཨོ་སི་ཀྲོ་ལི་ཡར་ཁོ་ཚོའི་བྱ་སྤྱོད་ལ་བརྟེན་ནས་རྒྱ་ནག་ཏུ་རྒྱ་གཞུང་གི་ལས་བྱེད་ཀྱིས། ཁོ་ཚོའི་ཕ་མར་འབྲེལ་བ་བྱས་པའམ་ཐུག་ཏུ་སླེབས་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག དེའི་ནང་གནད་དོན་གཅིག་ནང་སློབ་མ་ཞིག་གིས་ཨོ་སི་ཀྲོ་ལི་ཡར་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། མང་གཙོར་རྒྱབ་སྐྱོར་བྱེད་པའི་འཕྲིན་བྲིས་རྗེས། རྒྱ་ནག་གཞུང་གིས་སློབ་མ་དེར་བཙོན་འཇུག་གི་སྡིགས་བསྐུལ་བྱས་ཡོད་འདུག
ཨོ་སི་ཀྲོ་ལི་ཡར་ཡོད་པའི་རྒྱ་ནག་གི་སློབ་མ་མང་པོ་ཞིག་གིས། རྒྱ་རིགས་སློབ་མ་གཞན་ཚོས་ཁོ་ཚོའི་བྱ་སྤྱོད་རྣམས་རྒྱ་ནག་གི་གཞུང་ཚབ་ཏུ་ལན་བསྐྱལ་བའི་ཞེད་སྣང་བྱེད་ཀྱི་ཡོད་སྐོར་དང་། སེམས་ནང་རྟག་ཏུ་ཁོ་ཚོའི་བྱ་སྤྱོད་ལ་བརྟེན་ནས། རྒྱ་ནག་ནང་ཏུ་ཡོད་པའི་ཕ་མ་སྤུན་མཆེད་ལ་རྒྱ་ནག་གཞུང་ནས་སུན་གཙེར་བཟོ་སྲིད་པའི་སེམས་འཚབ་སྐྱེ་ཡི་ཡོད་སྐོར་བརྗོད་འདུག
རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་སློབ་མ་༡༡ དང་ཧོང་ཀོང་ནས་ཡིན་པའི་སློབ་མ་༡༣ གྱིས་ཕྱི་ལོ་༢༠༡༩ ལོར་ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ། ཧོང་ཀོང་ལ་རྒྱབ་སྐྱོར་གྱི་ངོ་རྒོལ་ལས་འགུལ་སྤེལ་རྗེས། མང་གཙོ་རྒྱབ་སྐྱོར་བྱེད་མཁན་ཚོར་སུན་གཙེར་བཟོ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་འདུག སློབ་མ་ཁག་ཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་རྗེས། ཁོ་ཚོའི་ཞིབ་ཕྲའི་གནས་ཚུལ་རྣམས་དྲ་ཐོག་ཏུ་ཁྱབ་སྤེལ་བཏང་ཡོད་པ་དང་། ཁོ་ཚོར་གདོང་ཐུག་དང་དྲ་ཐོག་ནས་ཚིག་རྩུབ་ཀྱིས་སུན་གཙེར་བྱས་ཡོད་ཀྱང་། སློབ་མ་མང་པོ་ཞིག་གིས་གནད་དོན་དེ་རིགས་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ལ་ཞུ་གཏུག་བྱས་མེད་པ། དེ་ཡང་སློབ་མ་ཚོས་འཛིན་སྐྱོང་གི་སྡིགས་བསྐུལ་དེ་རིགས་ཚབས་ཆེན་ངོས་འཛིན་བྱེད་རྒྱུ་མིན་པ་དང་། རྒྱལ་ཞེན་ཅན་གྱི་རྒྱ་རིགས་སློབ་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། དེ་བཞིན་རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཉར་རྒྱུ་གལ་འགངས་ཆེ་ཤོས་འཛིན་གྱི་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པས་ཡིན་འདུག
དེ་བཞིན་དགེ་རྒན་རྣམས་ལ་ཡང་གནོན་ཤུགས་ཆེ་རུ་འགྲོ་ཡི་ཡོད་འདུག དེ་ཡང་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་རྒྱ་རིག་པ་སློབ་ཁྲིད་བྱེད་མཁན་དང་། དེ་བཞིན་རྒྱ་རིགས་སློབ་མ་ཚོར་སློབ་ཁྲིད་བྱེད་མཁན་དགེ་རྒན་༢༢ ལ་བཅར་འདྲི་བྱས་འདུག་པ་དང་། དེའི་ཁྲོད་ཕྱེད་ཀ་ལས་མང་བས་རྒྱ་ནག་ཐོག་སློབ་ཁྲིད་བྱས་སྐབས། རང་ངོས་ནས་ཞིབ་བཤེར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་དང་། བོད་དང་ཐའེ་ཝན། ཧོང་ཀོང་། ཡུ་གུར་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཡིན་པར་ངོས་འཛིན་བྱེད་པའི་དགེ་རྒན་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་དྲ་ཐོག་ཏུ་རྒྱ་རིགས་སློབ་མ་དང་། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དྲ་རྒྱ་བཀོལ་སྤྱོད་པ་ཚོས་ཁྱབ་སྤེལ་གཏོང་གི་ཡོད་འདུག གནད་དོན་གཅིག་ནང་རྒྱ་ནག་སྐམ་ས་ཆེན་མོའི་སློབ་མ་གཅིག་གིས། ཐའེ་ཝན་གྱི་སློབ་མ་ཞིག་ལ་སྡིགས་བསྐུལ་བྱས་སྐབས། དགེ་རྒན་བུད་མེད་གཅིག་གིས་ཐའེ་ཝན་གྱི་སློབ་མ་དེར་སྲུང་སྐྱོབ་བྱས་རྗེས། མོའི་ཞིབ་ཕྲའི་གནས་ཚུལ་རྣམས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བཏང་ཡོད་འདུག
དགེ་རྒན་ཁག་ཅིག་གིས་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ནས། རྒྱ་ནག་ཐོག་ཡོངས་གྲགས་སུ་བགྲོ་གླེང་མི་བྱེད་རྒྱུ་བརྗོད་པ་དང་། རྒྱ་ནག་དང་འབྲེལ་བའི་ལས་རིམ་བཀག་སྡོམ་བྱས་པ་སོགས་ཞིབ་བཤེར་གྱི་གནས་ཚུལ་ཁག་ཅིག་བྱུང་ཡོད་སྐོར་བརྗོད་འདུག
ཨོ་སི་ཀྲོ་ལི་ཡའི་ཤེས་རིག་བློན་ཆེན་གྱིས། སྙན་ཐོ་དེ་ནི་སེམས་འཚབ་ཆེན་པོ་བྱེད་དགོས་པ་ཞིག་ཡིན་པ་དང་། གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཐེ་བྱུས་བཀག་འགོག་ཆེད་དུ་ལས་དོན་ཁག་ཅིག་ལག་བསྟར་བྱེད་བཞིན་ཡོད་ཁར། གཙུག་ལག་སློབ་གཉེར་ཁང་ཁག་དང་མཉམ་ལས་བྱེད་བཞིན་ཡོད་པ། གང་མགྱོགས་གཙུག་ལག་སློབ་གཉེར་ཁང་ཁག་ལ་ལམ་སྟོན་གསར་སྣོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།