ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་ཞིག་ལ་རྒྱ་ནག་དང་འབྲེལ་ནས་རྟོག་ཞིབ་བྱེད་བཞིན་འདུག 

ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་དང་ཤེས་ཡོན་བསྟི་གནས་ཁང་། ཚོང་ལས་སོགས་ཀྱི་ནང་དུ་རྒྱ་ནག་གཞུང་གི་ཤུགས་རྐྱེན་དངོས་ཤུགས་བརྒྱུད་གསུམ་ནས་ཆེན་པོ་ཆགས་ཡོད་པར་བཀག་འགོག་གི་ལས་དོན་འགྲོ་བཞིན་པ་དང་བསྟུན། ཐེངས་འདིར་རྒྱལ་ཁབ་དེའི་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཉེན་རྟོག་པས། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་དེའི་མངའ་སྡེ་ཞིག་གི་གྲོས་ཚོགས་འཐུས་མི་ཞིག་ལ་རྒྱ་ནག་གཞུང་གི་ཤུགས་རྐྱེན་བཀག་འགོག་དང་འབྲེལ་བ་ཡོད་པ་ཡིན་འདུག 

ཟླ་༦ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་བཀག་འགོག་གྱི་འགོ་ཁྲིད་ནུས་པར་ཡོངས་གྲགས་སུ་བསྟོད་བསྔགས་བྱེད་མཁན། ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་(New South Wales) ཡི་གྲོས་ཚོགས་འཐུས་མི་(Shaoquett Moselmane) ཡི་ལས་ཁུངས་དང་ཁྱིམ་དུ་སྔོན་བརྡ་མེད་པའི་ཐོག་ནས་བསྔོགས་བཤེར་བྱས་འདུག

གནས་ཚུལ་དེ་ཐོག་མར་སྤེལ་མཁན་ཨོ་སི་ཀྲོ་ལི་ཡའི་གསར་ཤོག་(The Sydney Morning Herald) ཡིས། གྲོས་ཚོགས་འཐུས་མི་དེའི་ཐོག་རྟོག་ཞིབ་ཟླ་ཤས་སྔོན་ནས་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཉེས་འཛུགས་གང་ཡང་ར་སྤྲོད་བྱུང་མེད་སྐོར་བརྗོད་འདུག ཉེན་རྟོག་པས་བསྔོགས་བཤེར་གྱི་ལས་དོན་དེ་ནི་རྟོག་ཞིབ་ཀྱི་ལས་དོན་འགྲོ་བཞིན་པ་ཞིག་ཡིན་པ་དང་། ལས་དོན་དེ་སྤྱི་ཚོགས་ལ་ཉེན་ཁ་ཡོད་པའི་གནད་དོན་བྱེ་བྲག་གང་དང་ཡང་འབྲེལ་བ་མེད་སྐོར་ལས་ཞིབ་ཕྲ་འགྲེལ་བརྗོད་གང་ཡང་བྱས་མི་འདུག 

འོན་ཀྱང་གྲོས་ཚོགས་འཐུས་མི་ཁོང་གི་སྲིད་དོན་ཚོགས་པ་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཀྱིས། གྲོས་ཚོགས་འཐུས་མི་དེའི་ལས་ཁུངས་སུ་རྒྱ་ནག་གཞུང་གི་ཐེ་བྱུས་ཡོད་སྲིད་པའི་ཉེས་འཛུགས་འོག་བསྔོགས་བཤེར་བྱས་ཡོད་པ་དེ་ནི་སེམས་འཚབ་ཆེན་པོའི་གནད་དོན་ཞིག་ཡིན་པས། ཁོང་སྲིད་དོན་ཚོགས་པ་དེའི་ཚོགས་མི་ནས་གནས་སྐབས་གནས་དབྱུང་གཏོང་རྒྱུ་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག དེ་ཡང་གྲོས་ཚོགས་འཐུས་མི་ཁོང་གིས་དེ་སྔོན་རྒྱ་ནག་གི་འཛིན་སྐྱོང་སྦྱོང་བརྡར་མཐོ་སློབ་ཁང་ནས་ཐོན་པའི་མི་ཞིག་ལས་ཁུངས་སུ་ལས་ཀ་སྤྲད་ཡོད་སྐོར་འདུག་པ་དང་། དེ་ཡང་རྒྱ་ནག་གི་མཐོ་སློབ་དེར་འགྲོ་མཁན་ཚང་མ་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་འདུག 

ཨོ་སི་ཀྲོ་ལི་ཡའི་སྲིད་བློན་སཱི་ཁོཌ་མཱོ་རི་སོན་གྱིས། གནད་དོན་དེའི་ཐོག་ཞིབ་ཕྲ་བརྗོད་ཐབས་བྲལ་བ་ཡིན་ཡང་རྟོག་ཞིབ་དེ་དུས་ཚོད་གང་འཚམ་སྔོན་ནས་འགྲོ་བཞིན་ཡོད་པ་དང་། ཨོ་སི་ཀྲོ་ལི་ཡའི་ལས་དོན་ལ་ཐེ་བྱུས་བྱེད་མཁན་ཚང་མར་ཁ་གཏད་གཅོག་རྒྱུར་གཞུང་ལ་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་འདུག 

ཕྱི་ལོ་༢༠༡༨ ལོར་ཨོ་སི་ཀྲོ་ལི་ཡས་རྒྱ་ནག་གི་ཤུགས་རྐྱེན་དང་ཐེ་བྱུས་བཀག་འགོག་ལ་དམིགས་པའི་བདེ་འཇགས་ཀྱི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་དང་། དེའི་ནང་ཆབ་སྲིད་ཀྱི་ཞལ་འདེབས་ལེན་ཆོག་གི་མེད་པ་བཟོས་ཡོད་པ་རེད།

དེ་བཞིན་ཕྱི་ལོ་༢༠༡༧ ལོར་རྒྱལ་ཁབ་དེའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་དང་རྒྱ་ནག་གི་ཚོང་པ་ཞིག་གི་འབྲེལ་བར་སྐྱོན་བརྗོད་དང་དོགས་སློང་ཆེན་པོ་བྱུང་ནས་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།