ཨོ་སི་ཀྲོ་ལི་ཡའི་ཝིག་ཊོ་རི་ཡའི་ས་གནས་ཤིག་ཏུ་བོད་དང་འབྲེལ་བའི་དཔེ་དེབ་སྡེ་ཚན་གསར་འཛུགས།

ཟླ་འདིའི་ཚེས་༡༤ ཉིན་ཨོ་གླིང་ཝིག་ཊོ་རི་ཡ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༡ ཉིན་ཧྥུ་སེ་ཁེ་རི་(Footscray) ་དཔེ་མཛོད་ཁང་དུ་བོད་དང་འབྲེལ་བའི་དཔེ་དེབ་སྡེ་ཚན་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་ཡོད་འདུག

(པར། ཨོ་གླིང་ཝིག་ཊོ་རི་ཡ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ།)

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་ཚོགས་མི་ལྗན་ནེ་ཊི་རའེ་སི་(Senator Janet Rice) དང་མེ་རི་བྷར་ནོང་(Maribyrnong) ་གྲོང་སྡེའི་སྤྱི་ཁྱབ་ལྕམ་ཁུ་ལམ་(Cuc Lam) དེ་བཞིན་ཨོ་གླིང་ཝིག་ཊོ་རི་ཡ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་ཁང་གསར་བསྟན་འཛིན་བློ་བཟང་། ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསམ་གྲུབ་གཙོས་རྒྱུན་ལས་རྣམ་པ། གཞན་ཡང་ས་གནས་བོད་རིགས་མི་མང་བཅས་མི་སྣ་སུམ་ཅུ་ལྷག་མཉམ་ཞུགས་གནང་ཡོད་འདུག

སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་བོད་ཀྱི་གནས་སྟངས་ལ་སེམས་ཁྲལ་ཡོད་ལུགས་དང་། བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་དང་བོད་དོན་དཀའ་རྙོག་མ་སེལ་བར་རྒྱབ་སྐྱོར་མུ་མཐུད་ཡོད་སྐོར་གསུངས་ཡོད་འདུག།

མེ་རི་བྷར་ནོང་གྲོང་སྡེའི་སྤྱི་ཁྱབ་ཁུ་ལམ་གྱིས་༧ གོང་ས་མཆོག་མཇལ་མྱོང་ཡོད་པ་དང་ཝིག་ཊོ་རི་ཡའི་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ལ་མ་འོངས་པར་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུའི་ཞལ་བཞེས་གནང་ཡོད་འདུག

གཞན་ཡང་ཧྥུ་སེ་ཁེ་རི་དཔེ་མཛོད་ཁང་གི་འཛིན་སྐྱོང་འགན་འཛིན་གྷ་པེ་རི་ཡལ་(Footscray Library Manager,Gabrielle) གྱིས་བོད་ཀྱི་དཔེ་དེབ་ཀྱི་སྡེ་ཚན་འདི་དང་འབྲེལ་མ་འོངས་པར་ཡར་རྒྱས་ཡོང་བའི་སྨོན་འདུན་དང་། དཔེ་མཛོད་ཁང་གིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཁས་བླངས་ཡོད་འདུག།

ཚོགས་ཟུར་ཁང་གསར་བསྟན་འཛིན་བློ་བཟང་གིས་བོད་མིའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བ་དང་། ཉེ་བའི་ལོ་ཟླའི་ནང་དབྱིན་བོད་གཉིས་ཀའི་ནང་ཡོད་པའི་དཔེ་དེབ་མཁོ་སྒྲུབ་ཀྱི་ལས་གཞིའི་ཐོག་མུ་མཐུད་འབད་འབུངས་བྱེད་རྒྱུ་ཡིན་སྐོར་དང་། མཛད་སྒོ་དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རིག་གཞུང་མཚོན་པའི་སྒོ་འབྱེད་ཅིག་ཡིན་སྟབས་བསྔགས་བརྗོད་འོས་པའི་གོམ་སྟབས་ཤིག་ཡིན་པའི་གསུང་བཤད་གནང་འདུག

ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསམ་གྲུབ་ཀྱིས་མགྲོན་པོ་རྣམས་ལ་བོད་སྲོལ་གྱི་ཁ་བཏགས་ཕུལ་བ་དང་། གོ་སྒྲིག་ཚོགས་ཆུང་ནས་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་སྐབས། སྐུ་མགྲོན་རྣམས་དང་དམིགས་བསལ་བོད་རིགས་མང་པོ་ཞིག་གིས་རིག་གཞུང་སྲུང་སྐྱོབ་ཀྱི་ཆོད་སེམས་གཙོར་བཟུང་གིས་མཉམ་ཞུགས་བྱས་པར་ཐུགས་རྗེ་ཆེ་དང་ཡི་རང་མངགས་བརྗོད་བྱས་ནས་མཛད་སྒོ་ལེགས་པར་མཇུག་བསྒྲིལ་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།