ཨོ་སི་ཀྲོ་ལི་ཡས་རྒྱ་ནག་གི་ཚོང་ལས་ཁང་ཞིག་གི་ལས་དོན་ཆེན་པོ་ཞིག་བཀག་འགོག་བྱས་འདུག 

ཨོ་སི་ཀྲོ་ལི་ཡས་རྒྱ་ནག་གཞུང་དང་དེ་འབྲེལ་གྱི་ཚོང་ལས་ཁང་མང་པོ་ཞིག་གི་ལས་དོན་ལ་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། ཐེངས་འདིར་རྒྱ་ནག་གཞུང་གི་བདག་དབང་འོག་ཡོད་པའི་ཚོང་ལས་ཁང་ཆེན་པོ་ཞིག་གིས། ཨོ་སི་ཀྲོ་ལི་ཡའི་ཚོང་ལས་ཁང་ཆེན་པོ་ཞིག་ཉོ་ཐབས་བྱེད་དུས། ཨོ་སི་ཀྲོ་ལི་ཡ་གཞུང་གིས་ལས་དོན་དེར་བཀག་འགོག་བྱས་པར། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཆེན་པོ་བྱས་འདུག 

ཟླ་༡ པོའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་ཨར་ལས་ཚོང་ལས་ཁང་(Probuild) ཞེས་པ་དེའི་བདག་དབང་བརྒྱ་ཆ་༨༨ ཚོང་རྒྱུ་བྱས་འདུག་པ་དང་། རྒྱ་ནག་གཞུང་གི་བདག་དབང་འོག་ཡོད་པའི་(China State Construction Engineering Corp) ཚོང་ལས་ཁང་གིས། ཨོ་སི་ཀྲོ་ལི་ཡའི་ཨར་ལས་ཚོང་ལས་ཁང་དེ་ཉོ་ཆེད་དུ་ཨ་སྒོར་ས་ཡ་༣༠༠ ལྷག་སྤྲོད་རྒྱུ་བྱས་ནས་ཕྱོགས་གཉིས་བར་གྲོས་མཐུན་བྱུང་ཡོད་འདུག་ཀྱང་། ཚོང་འབྲེལ་དེ་རིགས་ལ་ཨོ་སི་ཀྲོ་ལི་ཡའི་གཞུང་གི་དངུལ་མཛོད་ལས་ཁང་དང་། ཕྱིའི་རྒྱལ་ཁབ་ཁག་ནས་མ་འཛུགས་བསྐྱར་ཞིབ་ཚོགས་ཆུང་གཉིས་ཀྱི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་འདུག 

ཟླ་༡ པོའི་ཚེས་༡༡ ཉིན་ཨར་ལས་ཚོང་ལས་ཁང་དེའི་བདག་པོ་ཡིས། ཚོང་ལས་ཁང་དེ་རྒྱ་ནག་གི་ཚོང་ལས་ཁང་ལ་ཚོང་རྒྱུའི་ལས་དོན་དེ་མཇུག་སྐྱོང་བྱེད་རྒྱུ་མིན་པ་དང་། དེའི་རྒྱུ་མཚན་ནི་ཨོ་སི་ཀྲོ་ལི་ཡ་གཞུང་གིས་ལས་དོན་དེ་མཇུག་སྐྱོང་བྱས་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཐག་གཅོད་ཀྱིས་ཆོག་མཆན་སྤྲད་མེད་པ་ཡིན་སྐོར་བརྗོད་འདུག

ཨོ་སི་ཀྲོ་ལི་ཡར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གལ་སྲིད་གནས་ཚུལ་དེ་བདེན་པ་ཡིན་ཚེ། ཨོ་སི་ཀྲོ་ལི་ཡ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་དེ་ལག་ཆར་བེད་སྤྱད་ནས། རྒྱ་ནག་གི་མ་འཛུགས་ལ་དབྱེ་འབྱེད་ཀྱིས་བཀག་འགོག་བྱས་པའི་གནས་ཚུལ་གསར་ཤོས་དེ་ཡིན་པ་དང་། ཁོ་ཚོས་ཨོ་སི་ཀྲོ་ལི་ཡ་གཞུང་ལ་རེ་སྐུལ་ཞུ་དོན་དུ། གཞུང་གིས་ཁས་ལེན་བྱས་པ་ལྟར་རྒྱ་ནག་ཚུད་པའི་ཕྱིའི་རྒྱལ་ཁབ་ཁག་ནས་མ་འཛུགས་ཀྱི་ལས་དོན་ཚང་མར་དབྱེ་འབྱེད་མེད་པ་དང་། ཕྱི་གསལ་ནང་གསལ། རང་དབང་ཅན་གྱི་ཁོར་ཡུག་བསྐྲུན་པའི་རེ་སྐུལ་བྱེད་ཀྱི་ཡོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ལག་ཆར་བེད་སྤྱད་ནས་རྒྱ་ནག་གི་མ་འཛུགས་བཀག་འགོག་བྱེད་པ་དེས། ཕྱོགས་གཉིས་བར་གྱི་ཡིད་ཆེས་དང་དཔལ་འབྱོར། ཚོང་ལས་འབྲེལ་ལམ་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག 

ཨོ་སི་ཀྲོ་ལི་ཡའི་ཨར་ལས་ཚོང་ལས་ཁང་དེའི་སྤྱི་ཁྱབ་འགན་འཛིན་གྱིས། གཞུང་གི་ཐག་གཅོད་དེ་ནི་ཆབ་སྲིད་ཀྱི་ཀུན་སློང་བརྒྱུད་ནས་བྱས་པ་ཞིག་ཡིན་པ་དང་། ལས་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་ཡིན་པའི་རྒྱུ་མཚན་གང་ཡང་གསལ་བཤད་བྱས་མེད་སྐོར་བརྗོད་འདུག 

ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐོག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ཡང་དགག་པ་བརྒྱབ་ཡོད་པས། རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་ནས་གླང་ཤ གདུང་ཤིང་། རྡོ་སོལ། ཆང་སོགས་ནང་འདྲེན་བཀག་འགོག་བྱས་པ་སོགས་རྒོལ་ལན་བསློགས་ཡོད་ཁར། ཟླ་༩ པའི་ནང་རྒྱ་ནག་ནང་དུ་ཡོད་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་མཐའ་མ་གཉིས་བདེ་འཇགས་ཀྱི་སེམས་འཚབ་འོག་ཕྱིར་ལོག་བྱས་ཡོད་པ་སོགས་ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཚད་གཞི་དམའ་བོར་གནས་ཡོད་པ་རེད།

ཨོ་སི་ཀྲོ་ལི་ཡའི་ཐབས་བྱུས་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས། རྒྱ་ནག་གཞུང་གི་བདག་དབང་འོག་ཡོད་པའི་ཚོང་ལས་ཁང་ཕལ་ཆེ་བ་དམག་གི་སྒྲིག་འཛུགས་དང་འབྲེལ་བ་ཡོད་པས། ཐེངས་འདིའི་ཨོ་སི་ཀྲོ་ལི་ཡ་གཞུང་གི་ཐག་གཅོད་དེ་འགྲིག་པ་ཡིན་པ་དང། མ་འོངས་པར་ཐག་གཅོད་དེ་རིགས་མང་པོ་འབྱུང་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།