ཨོ་སི་ཁྲི་ལི་ཡའི་ནང་ཐེ་ཝན་སྲུང་སྐྱོབ་བྱེད་དགོས་པ་འདོད་མཁན་ཇེ་མང་དུ་སོང་འདུག

ཟླ་འདིའི་ཚེས་༣༠ ཉིན་Taiwan News ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨོ་སི་ཁྲི་ལི་ཡའི་མི་མང་མང་ཆེ་བའི་ནང་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་པ་ཡིན་ན་ཨོ་སི་ཁྲི་ལི་ཡའི་ནང་ཐེ་ཝན་སྲུང་སྐྱོབ་བྱེད་དགོས་པ་འདོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཟླ་འདིའི་ཚེས་༢༩ ཉིན་ལོ་ཝི་(Lowy) ལྟེ་གནས་ཁང་གིས་ཨོ་སི་ཁྲི་ལི་ཡའི་མི་མང་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་དུ་ཨོ་སི་ཁྲི་ལི་ཡའི་མི་མང་བརྒྱ་ཆ་༦༣% གྱིས་རྒྱ་ནག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་དང་། མི་མང་བརྒྱ་ཆ་༣༣% གྱིས་རྒྱ་ནག་ནི་ཨོ་སི་ཁྲི་ལི་ཡའི་ཚོང་རོགས་སམ་དཔལ་འབྱོར་གྱི་ཟླ་གྲོགས་ཤིག་ཏུ་ངོས་འཛིན་དང་། མི་མང་བརྒྱ་ཆ་༡༡% གིས་རྒྱ་ནག་གིས་རྒྱལ་སྤྱིའི་ལས་དོན་ཐོག་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་པར་ཆ་འཇོག་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

ཨོ་སི་ཁྲི་ལི་ཡའི་མི་མང་གི་ཁྲོད་དུ་རྒྱ་ནག་བཅིངས་འགྲོལ་དམག་གི་རྒྱ་སྐྱེད་ལ་སེམས་འཚབ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་ལོ་ངོ་ཉི་ཤུའི་ནང་དུ་རྒྱ་ནག་ནི་ཨོ་སི་ཁྲི་ལི་ཡའི་དམག་དོན་གྱི་ཉེན་ཁ་ཞིག་ཏུ་འགྱུར་རྒྱུར་ཚོད་དཔག་བྱེད་བཞིན་འདུག

ཨ་རྒྱ་གཉིས་ཀྱི་བར་དུ་གདོང་ཐུག་བྱུང་ཚེ་ཨོ་སི་ཁྲི་ལི་ཡ་དམག་འཁྲུག་གི་ནང་དུ་མཉམ་ཞུགས་བྱེད་དགོས་མིན་གྱི་འདྲི་རྩད་བྱེད་པའི་སྐབས་སུ་ཨོ་སི་ཁྲི་ལི་ཡའི་མི་མང་བརྒྱ་ཆ་༥༡% ལྷག་གིས་བར་ཞུགས་བྱས་ནས་སྡོད་དགོས་པའི་བསམ་ཚུལ་བརྗོད་ཡོད་ལ། མི་མང་བརྒྱ་ཆ་༤༦% ལྷག་གིས་ཨ་རིའི་ཕྱོགས་སུ་ལངས་དགོས་སྐོར་བརྗོད་འདུག ཡིན་ནའང་། ཨོ་སི་ཁྲི་ལི་ཡའི་མི་མང་གི་ནང་དུ་ཐེ་ཝན་ལ་ལྟ་སྟངས་ནི་ཨ་རི་ལ་ལྟ་སྟངས་དང་མི་འདྲ་བ་ཐ་དད་དུ་འགྱུར་ཡོད་འདུག

གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་པ་ཡིན་ན་ཨོ་སི་ཁྲི་ལི་ཡ་དམག་གི་ནང་དུ་མཉམ་ཞུགས་བྱེད་དགོས་མིན་དྲི་བའི་སྐབས། ཨོ་སི་ཁྲི་ལི་ཡ་མི་མང་བརྒྱ་ཆ་༥༡% ལྷག་གིས་ཨོ་སི་ཁྲི་ལི་ཡ་དམག་འཁྲུག་གི་ནང་དུ་ཞུགས་དགོས་ཚུལ་དང་མི་མང་བརྒྱ་ཆ་༤༧% གྱིས་དམག་འཁྲུག་གི་ནང་དུ་མཉམ་ཞུགས་བྱེད་མི་རུང་བ་བརྗོད་ཡོད་འདུག

ཨོ་སི་ཁྲི་ལི་ཡའི་མི་མང་གིས་ཐེ་ཝན་གྱི་ཕྱོགས་སུ་ལྟ་ཚུལ་དེ་འདྲ་ཡོང་བ་ནི་འདས་པའི་ལོ་མང་རིང་གི་བསམ་ཚུལ་བསྡུ་ལེན་གྱི་ཁྲོད་དུ་ཐེ་ཝན་ལ་ལྟ་ཚུལ་དེ་འདྲ་བཟུང་བ་ཐོག་མ་དེ་ཆགས་ཡོད་འདུག ཕྱི་ལོ་༢༠༡༩ ལོར་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་དུ་ཨོ་སི་ཁྲི་ལི་ཡའི་མི་མང་བརྒྱ་ཆ་༤༣% གྱིས་དམག་གི་ནང་དུ་མཉམ་ཞུགས་བྱེད་དགོས་པ་འདོད་རུང་། མི་མང་བརྒྱ་ཆ་༥༤% ཡིས་དམག་འཁྲུག་གི་ནང་དུ་མཉམ་ཞུགས་བྱེད་མི་རུང་བའི་སྐོར་བརྗོད་འདུག ཕྱི་ལོ་༢༠༡༨ ལོར་ཨོ་སི་ཁྲི་ལི་ཡའི་མི་མང་གིས་རྒྱ་ནག་དང་ཐེ་ཝན་གྱི་ཐོག་ཏུ་ལྟ་སྟངས་གཅིག་མཚུངས་སུ་ཡིན་རུང་། ད་ལྟའི་ཆར་ཨོ་སི་ཁྲི་ལི་ཡའི་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་དང་ཐེ་ཝན་སྒང་གི་ལྟ་སྟངས་ལ་འགྱུར་བ་ཆེན་མོ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Share this:

Leave a Reply