ཨོ་སི་ཁྲུ་ལི་ཡ་མང་གཙོའི་རྒྱལ་ཁབ་བཞིའི་དམག་སྦྱོང་ཆེན་མོའི་ནང་ཞུགས་གཏན་འཁེལ།
དམར་ཤོག་གི་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་འགལ་བ་དྲག་ནས་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཨ་རི་དང་། རྒྱ་གར། ཉི་ཧོང་བཅས་འདུས་པའི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་བཞིའི་Quad)དམག་སྦྱོང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡ་མཉམ་ཞུགས་བྱེད་རྒྱུ་གཏན་འཁེལ་བྱུང་འདུག
ཕྱི་ཟླ་༡༠ ཚེས་༡༩ རེས་གཟའ་ཟླ་བའི་ཉིན་འབྲེལ་ཡོད་མང་གཙོའི་རྒྱལ་ཁབ་བཞིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་བ་རྗེས་མའི་རྒྱལ་ཁབ་བཞིའི་མཉམ་འབྲེལ་དམག་སྦྱོང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡ་ཡང་མཉམ་ཞུགས་བྱེད་གཏན་འཁེལ་བ་དང་། དེར་རྒྱ་ནག་ཁོང་ཁྲོ་ལང་རྒྱུ་ཡིན་འདུག
རྒྱ་གར་གྱིས་ལོ་ལྟར་ཨ་རི་དང་ཉི་ཧོང་གི་མཚོ་དམག་དང་ལྷན་དུ་བྷེན་གྷལ་མཚོ་ཁུག་(Bay of Benggal) དང་། ཨ་རབ་མཚོ་(Arabian Sea) ནང་དུ་མེ་ལཱ་བྷར་(Malabar) ཞེས་པའི་གཞི་རྒྱ་ཆེ་བའི་དམག་སྦྱོང་ཞིག་བྱེད་སྲོལ་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡ་དེ་སྔོན་ཕྱི་ལོ་༢༠༠༧ ལོར་དམག་སྦྱོང་དེར་མཉམ་ཞུགས་བྱས་འདུག འོན་ཀྱང་། སྐབས་དེར་རྒྱ་ནག་གིས་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། ཨོ་སི་ཁྲུ་ལི་ཡས་རྒྱ་ནག་གི་ངོ་སྲུང་བའི་ཆེད་དུ་དམག་སྦྱོང་དེར་མཉམ་ཞུགས་བྱེད་མཚམས་བཞག་འདུག་ཀྱང་། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་བར་དུ་འགལ་ཟླ་ཤུགས་ཆེན་འབྱུང་བཞིན་ཡོད་པས། ལོ་ངོ་༡༣ རྗེས་སུ་ཨོ་སི་ཁྲུ་ལི་སླར་ཡང་དམག་སྦྱོང་དེའི་ནང་གཞུག་རྒྱུ་ཡིན་འདུག
ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་བློན་ཆེན་ལིན་ཌ-རེ་ནོལ་ཌི་(Linda Reynolds) ཡིས་ཁ་སང་རེས་གཟའ་ཟླ་བའི་ཕྱི་དྲོར་དམག་སྦྱོང་དེ་ནི་“རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རང་དབང་དང་འཕེལ་རྒྱས་ཡོང་བའི་ཆེད་དུ་ང་ཚོ་ཐུན་མོང་གིས་བསམ་འདུན་བསྟན་པ་ཞིག་ཡིན་”ཞེས་བརྗོད་དེ། ཤུགས་སུ་རྒྱ་ནག་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་བསྟན་འདུག
འདི་ལོའི་དམག་གི་སྦྱོར་བརྡར་ཆེན་མོ་དེ་ནི། ཨ་རི་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་འགལ་བ་དང་། ཨོ་སི་ཁྲུ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་འགལ་བ། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་དམག་དོན་འགལ་བ་སོགས་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཁག་དང་རྒྱ་ནག་གི་འགལ་བ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར་བྱེད་རྒྱུ་ཡིན་འདུག མང་གཙོའི་རྒྱལ་ཁབ་ཆེ་ཤོས་བཞིའི་ཚོགས་པ་(Quad)འདི་ནི། རྒྱ་ནག་གི་ཤུགས་རྐྱེན་དང་སྟོབས་ཤུགས་བཀག་འགོག་དང་གདོང་ལེན་བྱེད་པའི་སླད་དུ་ཉི་ཧོང་གི་སྲིད་བློན་ཟུར་པ་ཤེན་ཛོ་ཨ་བྷེ་(Shinzo Abe) ཡིས་སྣེ་ཁྲིད་དེ་ཐོག་མར་༢༠༠༧ ལོར་གསར་དུ་བཙུགས་པ་ཞིག་ཡིན་རུང་། རྒྱ་ནག་ལ་ཇི་ཙམ་ཁ་གཏད་གཅོག་དགོས་པ་དང་། ཇི་ཙམ་བསྟུན་ཐབས་བྱེད་དགོས་པའི་ཐད་ལ་ནང་ཁུལ་དུ་གྲོས་མཐུན་མ་བྱུང་སྟེ་སྲ་བརྟན་ཞིག་ཚུགས་ཐུབ་མི་འདུག
ཡིན་ན་ཡང་། ད་ལྟའི་ཆར་རྒྱ་ནག་དང་རྒྱལ་ཁབ་བཞི་ཀའི་བར་དུ་འགལ་བ་གཅིག་རྗེས་གཉིས་མཐུད་དང་དྲག་ནས་དྲག་ཏུ་འགྲོ་བཞིན་ཡོད་སྟབས། རྒྱལ་ཁབ་བཞིས་འབྲེལ་ལམ་དང་མཉམ་ལས་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་རྒྱུའི་རྣམ་པ་ཞིག་སྟོན་བཞིན་ཡོད།
ཟླ་བ་འདིའི་མགོ་སྟོད་ལ་རྒྱལ་ཁབ་བཞིའི་ཕྱི་སྲིད་བློན་ཆེན་རྣམས་ཉི་ཧོང་གི་རྒྱལ་ས་རུ་འཛོམས་ནས་གྲོས་མོལ་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ཡིས་ཨེ་ཤི་ཡའི་ཁུལ་གྱི་མཐུན་གྲོགས་ཚོ་ལ་རྒྱ་ནག་གི་“བཤུ་གཞོག་དང་། རུལ་སུངས། བཙད་ཤེད་”བཅས་ལ་རྡོག་རྩ་གཅིག་སྒྲིལ་གྱིས་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་གནང་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།