ཨོ་སི་ཁྲུ་ལི་ཡར་གནས་སྡོད་རྒྱ་རིཌ་ཤིག་གིས་རང་ཉིད་རྒྱ་ནག་གི་སོ་མྱུལ་བ་ཡིན་པ་ཕྱིར་བསྒྲགས་བྱས་འདུག

ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་རྒྱ་རིགས་ཁྲེན་ཡོང་ལིན(Chen Yonlin )ཟེར་བ་ཞིག་གིས་རང་ཉིད་ནི་རྒྱ་ནག་གཞུང་གི་སོ་མྱུལ་བ་ཡིན་པ་དང་། མི་ལོ་བཞིའི་རིང་ཨོ་སི་ཁྲུ་ལི་ཡའི་ནང་ཡོད་པའི་རྒྱ་རིགས་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་བྱས་ནས་རྒྱ་ནག་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མྱོང་ཡོད་པར་བརྗོད་ཡོད་འདུག

ཕྱི་ཚེས་༡༧ ཉིན་ཨོ་སི་ཁྲུ་ལི་ཡའི་གསར་ཁང་(60 Minutes Australia)ཟེར་བ་དེ་ཡིས་རྒྱ་རིགས་ཁྲེན་ཡོང་ལིན(Chen Yonlin )་དང་བཅར་འདྲི་བྱས་པའི་ལེ་ཚན་ཞིག་བཏང་འདུག་པ་དང་། ལེ་ཚན་དེའི་ནང་རྒྱ་རིགས་ཁྲེན་ཡོང་ལིན(Chen Yonlin )ཡིས། ཁོས་འདས་པའི་ལོ་བཞིའི་རིང་རྒྱ་ནག་གཞུང་གིས་ལས་འགན་བསྐུལ་བ་ལྟར་སྒོམ་སྒྲུབ་ཉམས་ལེན་པ་(Falun Gong)གཙོས་པའི་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་གྱི་མི་མང་ཐོག་སོ་ལྟ་བྱས་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་ཁོས་རྒྱ་ནག་གཞུང་ལ་གནས་ཚུལ་དུ་མ་སྤྲད་ཡོད་པར་བརྗོད་འདུག རྒྱ་ནག་གཞུང་གིས་གནས་ཚུལ་དེ་དག་མཁོ་སྒྲུབ་བྱས་ནས་ཨོ་སི་ཁྲུ་ལི་ཡའི་ནང་ཡོད་པའི་རྒྱ་རིགས་གཙོས་པའི་རྒྱ་ནག་གཞུང་དང་མི་མཐུན་མཁན་རྣམས་ལ་གནོན་ཤུགས་དང་དཀའ་ངལ་སྤྲོད་ཀྱི་ཡོད་པར་བརྗོད་འདུག 

ཁོས་བཤད་པ་ལྟར་ན་ཁོ་རང་ཐོག་མར་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་གཅིག་ཡིན་འདུག་པ་དང་། ཁོ་ལས་ཀར་ཧ་ཅང་མཁས་པོ་དང་འཇོན་པོ་བྱེད་མཁན་ཞིག་དང་། ཕྱིས་སུ་རྒྱ་ནག་གི་སོ་མྱུལ་བ་བྱས་ཡོད་འདུག སྐབས་དེ་དུས་ཁོས་རྒྱ་རིགས་ཨོ་སི་ཁྲུ་ལི་ཡ་བ་ཚོར་སོ་ལྟ་བྱེད་པ་དང་གནས་ཚུལ་མཁོ་སྤྲོད་བྱེད་པ་སོགས་ཀྱི་ལས་འགན་ཁུར་ཡོད་འདུག འོན་ཀྱང་། ཕྱིས་སུ་ཁོའི་བསམ་བློ་ལ་འགྱུར་ལྡོག་ཕྱིན་ནས་གུང་ཁྲན་ཏང་གི་རེ་བ་ལྟར་མ་བྱས་པ་ནི་ཁྲེན་ཡོང་ལིན་ཁོ་རང་ཉིད་ཀྱི་རང་དབང་དང་བདེ་འཇགས་ཀྱི་ཆེད་དུ་ཡིན་པར་བརྗོད་འདུག རྒྱུ་མཚན་ནི་ཁོས་སོ་མྱུལ་བྱེད་དུས་མི་གཞན་གྱི་བདེ་འཇགས་ལ་གནོད་ཀྱི་ཡོད་པ་དང་། སོ་མྱུལ་བྱེད་སའི་མི་མང་ཚོ་ནི་རྒྱ་ནག་དམར་གཞུང་ལྟར་དེ་འདྲ་སྡུག་པོ་མིན་པ། ཁོང་ཚོ་ནི་མི་མང་དཀྱུས་མ་རྐྱང་རྐྱང་ཡིན་དུས་ང་རང་ཉིད་ཀྱིས་བྱས་པའི་ལས་དོན་སྐོར་བསམ་བློ་གཏོང་དུས་ཧ་ཅང་གིས་བློ་འགྱོད་ཆེན་པོ་སྐྱེས་པའི་རྐྱེན་གྱིས། ང་ཚོ་ལ་ལས་ཀ་བཀོད་སྒྲིག་བྱེད་མཁན་འགོ་ཁྲིད་དེ་འདྲ་ལ་ངས་བཤད་རྒྱུ་བྱུང་། འགོ་ཁྲིད་ཡིན་ན་ཡང་ངོས་ལེན་བྱེད་ཀྱི་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་ལས་ཀ་མུ་མཐུད་ནས་བཀོལ་གྱི་འདུག དེ་བཞིན་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་མཐའ་མ་བཟོད་ཐབས་མེད་ནས་རང་ཉིད་ཀྱི་བདེན་པ་ངོ་མ་དེ་བཤད་དགོས་བྱུང་སོང་ཞེས་བརྗོད་འདུག དེ་ནས་ཕྱིས་སུ་ཁོང་དང་ཁོང་གི་བཟའ་ཟླ། དེ་བཞིན་ལོ་༦ ཅན་གྱི་བུ་མོ་ཆུང་ཆུང་བཅས་ཀྱིས་བྲོས་བྱོལ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག ཁོ་ལ་གསང་བ་ཧ་ཅང་མང་པོ་ཡོད་འདུག་ལ།  དེ་དག་ནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ནང་ལས་ཀ་བྱེད་བཞིན་པའི་རྒྱ་ནག་གི་གསང་བའི་ལས་བྱེད་པ་ ༡༠༠༠ དང་། དེ་བཞིན་རྒྱ་ནག་གཞུང་གིས་བཀའ་འཁྲོལ་སྤྲད་པའི་མི་བཙན་ཁྲིད་བྱེད་པ་བཅས་ཡིན་འདུག  དེ་དག་གི་སྐོར་ཨོ་སི་ཁྲུ་ལི་ཡའི་གཞུང་གིས་ཁོ་ལ་བསམ་གཞིགས་མ་བྱེད་ཐབས་མེད་ལྟ་བུར་གྱུར་ཡོད་འདུག གལ་སྲིད་ཁོ་དང་ཁོའི་བཟའ་ཟླ། བུ་མོ་བཅས་ཕྱིར་རྒྱ་ནག་ལ་སྤྲད་ན་ཁོང་ཚོ་ལ་ཉུང་མཐར་ལོ་ལྔ་ནས་བཅུའི་བཙོན་འཇུག་བྱེད་རྒྱུ་ཡིན་འདུག་ལ། མང་ན་ཚེ་བཙོན་བྱེད་རྒྱུའི་ཉེན་ཁ་ཡོད་འདུག་པར་བརྟེན། ཁོའི་བཟའ་མི་ཚོ་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཡོད་འདུག རྒྱུ་མཚན་ནི་ཨོ་སི་ཁྲུ་ལི་ཡའི་ནང་རྒྱ་ནག་གི་སོ་མྱུལ་བ་༡༠༠༠ ལྷག་ཙམ་ཡོད་པ་ཁོས་ཤེས་ཡོད་པར་བརྟེན། དེ་དག་གིས་ཁོའི་བུ་ཕྲུག་དང་བཟའ་ཟླ་བཙན་ཁྲིད་བྱེད་རྒྱུའི་ཉེན་ཁ་ཡོད་པར་བརྗོད། དེ་སྔོན་ཨོ་སི་ཁྲུ་ལི་ཡའི་ནང་ཡོད་པའི་རྒྱ་རིགས་མང་པོ་ཞིག་གི་བཙན་ཁྲིད་བྱས་ཡོད་པ་ཁོ་རང་ཉིད་ཀྱིས་ཤེས་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།