ཨོ་སི་ཁྲུ་ལི་ཡས་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་སུ་རྒྱ་ནག་ལ་ཁྲིམས་གཏུག་བྱས་འདུག
ཨོ་སི་ཁྲུ་ལི་ཡས་རྒྱ་ནག་གིས་ཨོ་སི་ཁྲུ་ལི་ཡའི་ནས་འབྲུ་ལ་བཞག་པའི་སྒོ་ཁྲལ་དེར་གཞི་རྩ་མེད་ཚུལ་བཤད་དེ་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་(WTO)ལ་ཞུ་གཏུག་བྱས་འདུག
ཕྱི་ཟླ་༡༢ ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་སི་ཁྲུ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨོ་སི་ཁྲུ་ལི་ཡའི་ཚོང་འབྲེལ་བློན་ཆེན་སཱ་མོན-བྷར་ཧམ་(Simon Birmingham) གྱིས་པེ་ཅིང་སྲིད་གཞུང་ནས་ཨོ་སི་ཁྲུ་ལི་ཡའི་ནས་འབྲུ་ལ་བརྒྱ་ཆ་༨༠ ཡི་སྒོ་ཁྲལ་བཞག་པ་དེ་ལ་“གཞི་རྩ་”དང་། རྒྱུ་མཚན་མེད་ཅེས་བཤད་དེ་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་སུ་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
ད་ལོའི་འགོ་སྟོད་དུ་ཨོ་སི་ཁྲུ་ལི་ཡས་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19) ཀྱི་འབྱུང་ཁུངས་གང་ཡིན་ཞིབ་འཇུག་རྩད་གཅོད་བྱེད་དགོས་པའི་བསམ་ཚུལ་བཏོན་པ་ནས་བཟུང་། པེ་ཅིང་གིས་ཨོ་སི་ཁྲུ་ལི་ཡའི་ཐོན་རྫས་ལ་སྒོ་ཁྲལ་རབ་དང་རིམ་པ་ཞིག་རྒྱག་འགོ་བརྩམས་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ཕྱི་ལོ་༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་དྲག་གནོན་རྗེས་སུ་ཚད་གཞི་ཆེས་དམའ་ཤོས་སུ་ཐོན་ཡོད་འདུག
ཨོ་སི་ཁྲུ་ལི་ཡ་ནས་རྒྱ་ནག་ཏུ་ཕྱི་འདྲེན་བྱེད་པའི་ནས་འབྲུའི་རིན་ཐང་དེ་ལོ་རེར་ཨ་སྒོར་ཐེར་འབུམ་༡ ཙམ་ཡིན་འདུག་ཅིང་། རྒྱ་ནག་གིས་ནས་འབྲུ་རྣམས་གཙོ་བོ་ཝུ་ཆང་བཟོ་བྱེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག
སྔོན་ཆད་འབྲེལ་ལམ་བཟང་བའི་རྒྱལ་ཁབ་དེ་གཉིས་ཀྱི་བར་དུ་ཚོང་དང་ཆབ་སྲིད་ཀྱི་འགལ་བ་འབྱུང་འགོ་ཚུགས་པ་ནས་བཟུང་། རྒྱ་ནག་གིས་གླང་ཤ་དང་། ནས་འབྲུ། རྡོ་སོལ། ཟངས། སྲིན་བལ། ཤིང་ཆ། ཀ་ར། རྒུན་ཆང་། བལ་ལ་སོགས་པའི་ཨོ་སི་ཁྲུ་ལི་ཡའི་ཐོན་རྫས་གཙོ་བོ་རྣམས་ལ་སྒོ་ཁྲལ་ཆེན་པོ་བཞག་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་དང་སློབ་གྲྭ་ཆེན་མོ་དང་འབྲེལ་བའི་ཚོང་ལས་ལའང་ཚད་བཀག་གསར་པ་བཞག་ནས་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ལ་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།