ཨོ་སི་ཁྲུ་ལི་ཡས་རྒྱལ་སྲུང་འགྲོ་གྲོན་ལྡབ་གཅིག་མ་ཟིན་ཙམ་སྤར་འདུག 

 

དེ་རིང་རེས་གཟའ་ལྷག་པའི་ཉིན། ཨོ་སི་ཁྲུ་ལི་ཡའི་སྲིད་བློན་སི་ཀོ་ཋི-མོ་རེ་སོན་(Scott Morrison)གྱིས་ཨོ་སི་ཁྲུ་ལི་ཡའི་འབྱུང་འགྱུར་ལོ་བཅུའི་རྒྱལ་སྲུང་འགྲོ་གྲོན་དེ་བརྒྱ་ཆ་ ༤༠ ཡར་སྤར་ནས་གོ་མཚོན་ཉོ་སྒྲུབ་དང་། དམག་གི་དམིགས་པ་གཏད་ཡུལ་དེ་ཞི་བདེའི་རྒྱ་མཚོའི་ཁུལ་དུ་བྱ་རྒྱུ་ཡིན་ཚུལ་བཤད་འདུག 

རྒྱ་ནག་ལ་ཁོང་ཁྲོ་སློང་བའི་གཏམ་བཤད་དེའི་ནང་། སྲིད་བློན་ཁོང་གིས་འབྱུང་འགྱུར་ལོ་བཅུའི་ནང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ཀྱིས་ཨོ་སྒོར་ཐེར་འབུམ་ ༢༧༠ ཡི་འགྲོ་གྲོན་བཏང་ནས་མཁའ་དབྱིངས་དང་། ས་གཞི། རྒྱ་མཚོ་བཅས་ནས་རྒྱང་རིང་དུ་འཕེན་ཐུབ་པའི་གོ་ཚོན་ཉོ་སྒྲུབ་བྱེད་ཀྱི་ཡིན་ཞེས་བརྗོད་འདུག་པ་དང་། དེ་ནི་ཕྱི་ལོ་ ༢༠༡༦ ལོར་བཤད་པའི་རྒྱལ་སྲུང་འགྲོ་གྲོན་ཨོ་སྒོར་ཐེར་འབུམ་ ༡༩༥ དང་བསྡུར་ན་བརྒྱ་ཆ་ ༤༠ ཡར་སྤར་བ་ཡིན་འདུག 

རྒྱལ་ས་ཁན་བྷི་ར་(Canberra)ནས་གནང་བའི་གཏམ་བཤད་དེའི་ནང་། ཁོང་གིས་“ང་ཚོས་བཙན་ཤེད་དང་དབང་ཤེད་མེད་པའི་ཞི་བདེ་རྒྱ་མཚོའི་ཁུལ་ཞིག་འདོད་ཀྱི་ཡོད། ང་ཚོས་རྒྱལ་ཁབ་ཆེ་ཆུང་གང་ཡིན་ཐམས་ཅད་རྒྱལ་སྤྱིའི་ཁྲིམས་དང་ལམ་ལུགས་འོག་རང་དབང་ངང་འགྲོག་འབྲེལ་བྱེད་སའི་ས་ཁུལ་ཞིག་འདོད་ཀྱི་ཡོད་”ཅེས་བརྗོད་འདུག 

སྲིད་བློན་ཁོང་གིས་དངོས་སུ་རྒྱ་ནག་གི་མིང་ནས་བོས་མི་འདུག་ཀྱང་། ཨོ་སི་ཁྲུ་ལི་ཡས་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་དམག་ཤུགས་ཆེ་རུ་གཏོང་བ་དེ་ནི་པེ་ཅིང་ལ་དྲག་ཤུགས་ཀྱི་ཁ་གཏད་གཅོག་རྒྱུ་ཡིན་པའི་རྟགས་སུ་མཐོང་གི་ཡོད་འདུག

ཁོང་གིས་ཨོ་སྒོར་ས་ཡ་ ༨༠༠ སྟེར་ནས་ཨ་རིའི་མཚོ་དམག་གི་ལག་ནས་ཐག་རིང་དུ་འཕེན་ཐུབ་པའི་འཕུར་མདའ་ ༢༠༠ ཉོ་རྒྱུ་ཡིན་ཚུལ་བཤད་པ་མ་ཟད། སྒྲ་ལས་མགྱོགས་ཚད་ལྡབ་ལྔས་ཆེ་བའི་འཕུར་མདའ་བཟོ་སྐྲུན་བྱེད་པའི་ཐོག་ལའང་བསམ་བློ་གཏོང་གི་ཡིན་སྐོར་སྨྲས་འདུག 

སྔོན་ཆད་ཨོ་སི་ཁྲུ་ལི་ཡ་དང་རྒྱ་ནག་བར་དུ་འབྲེལ་ལམ་བཟང་པོ་ཡོད་མྱོང་ན་ཡང་། ༢༠༡༨ ལོར་ཨོ་སི་ཁྲུ་ལི་ཡས་རྒྱ་ནག་གི་བཟོ་ཚོང་ཁང་ཧ་ཝེ་(Huawei)ཡི་ 5G བཀག་སྡོམ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་རྨ་ཁ་ཐེབས་འགོ་ཚུགས་ཤིང་། ཉེ་ཆར་ཨོ་སི་ཁྲུ་ལི་ཡས་ཝུའུ་ཝན་ཏོག་དབྱིབས་ནད་ཡམས་ལ་རང་དབང་ལྡན་པའི་ཞིབ་འཇུག་དགོས་པའི་དགོས་འདུན་བཏོན་པ་དེར། རྒྱ་ནག་ཁོང་ཁྲོ་ལངས་ནས་ཨོ་སི་ཁྲུ་ལི་ཡའི་ནས་འབྲུ་ལ་སྒོ་ཁྲལ་ཆེན་པོ་བཞག་པ་མ་ཟད། གླང་ཤ་ཡང་ནང་འདྲེན་བྱེད་མཚམས་བཞག་པ་སོགས་བྱས་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་བར་འགལ་ཟླ་དང་རྩོད་གཞི་མང་ནས་མང་དུ་འགྱུར་གྱིན་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།