ཨོ་སི་ཁྲུ་ལི་ཡས་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཕྱིར་འཐེན་བྱས་འདུག 

ཨོ་སུ་ཁྲུ་ལི་ཡའི་སྲིད་བློན་སི་ཀོ་ཏྲི-མོ་རེ་སོན་(Scott Morrison) གྱིས་དེ་རིང་རེས་གཟའ་ཕུར་བུའི་ཉིན་ཨོ་སི་ཁྲུ་ལི་ཡས་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་དེ་ཕྱིར་འཐེན་དང་། ཧོང་ཀོང་བ་ཚོར་ཐོངས་མཆན་དང་མི་སེར་ལ་འགྱུར་བའི་ལམ་ཁ་མཁོ་སྤྲོད་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག

ཨོ་སུ་ཁྲུ་ལི་ཡའི་ཐག་གཅོད་གསར་པ་དེ་ནི། རྒྱ་ནག་གིས་ཧོང་ཀོང་དུ་གཏན་འབེབས་ལག་བསྟར་བྱས་མ་ཐག་པའི་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག་སྟེ།  སྲིད་བློན་ཁོང་གིས་བདུན་ཕྲག་གོང་མར་གཏན་ལ་ཕབ་པའི་བཅའ་ཁྲིམས་དེ་ནི་གནས་སྟངས་ཀྱི་རྩ་བའི་འགྱུར་བ་ཞིག་ཆགས་ཡོད་སྟབས། ཨོ་སི་ཁྲུ་ལི་ཡས་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་བྱས་པ་ཡིན་སྐོར་བཤད་འདུག 

ཁོང་གིས་“ས་ཁུལ་གཞན་དུ་སྤོས་ནས་འཚོ་བ་གསར་པ་ཞིག་གི་འགོ་འཛུགས་འདོད་ཡོད་སྲིད་པའི་ཧོང་ཀོང་བ་རྣམས་”ཨོ་སི་ཁྲུ་ལི་ཡར་ཡོང་ན་དགའ་བསུ་ཡོད་སྐོར་བརྗོད་པའི་ཐོག ཨོ་སི་ཁྲུ་ལི་ཡར་འབྱོར་ཟིན་པའི་སློབ་མ་དང་ལས་མི་རྣམས་ལའང་ཐོངས་མཆན་ཕར་འགྱངས་བྱས་ཏེ་མཇུག་མཐར་མི་སེར་དུ་འགྱུར་པའི་ལམ་ཁ་རྣམས་བསྟན་པ་མ་ཟད། ཧོང་ཀོང་དུ་ཡོད་པའི་རྒྱལ་སྤྱིའི་ཚོང་ལས་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག ཞབས་ཞུའི་རྣམ་གྲངས་སོགས་ཨོ་སི་ཁྲུ་ལི་ཡར་གནས་སྤོ་བྱེད་འདོད་ན། ཐོངས་མཆན་དང་རོགས་དངུལ་མཁོ་སྤྲོད་བྱེད་རྒྱུ་ཡིན་སྐོར་ཡང་བརྗོད་འདུག 

རྒྱ་ནག་གིས་ཧོང་ཀོང་དུ་གཏན་འབེབས་ལག་བསྟར་བྱས་པའི་བཅའ་ཁྲིམས་གསར་པའི་ནང་། ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་དང་། རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་སྤྱོད། འཇིགས་སྐུལ་རིང་ལུགས། ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་བྱེད་པའི་བྱ་སྤྱོད་བཅས་ལ་ཚེ་བཙོན་གྱི་ཉེས་པ་ཡོད་ཅེས་བཀོད་ཡོད་སྟབས། ནུབ་ཕྱོགས་ཀྱི་སྲིད་གཞུང་དང་། ཁྲིམས་རྩོད་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ཀྱིས་དེ་ནི་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་རྒྱ་ནག་གིས་བཞག་པའི་ཁས་ལེན་དམ་བཅའ་དང་འགལ་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད། 

རྒྱ་ནག་གིས་སོ་སོའི་ཁས་ལེན་དམ་བཅའ་རྩིས་མེད་རྡོག་རོལ་གྱིས་ཧོང་ཀོང་ལ་བཅའ་ཁྲིམས་གསར་པ་དེ་བཞག་རྗེས། རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་དང་། ཧོང་ཀོང་གི་མི་མང་ཚོར་སྣེ་ལེན་བྱེད་མཁན་ནི་ཨོ་སི་ཁྲུ་ལི་ཡ་གཅིག་པུ་མ་ཡིན་པར། དབྱིན་ཇི་དང་ཐའེ་ཝན་གྱིས་མཚོན་པའི་རྒྱལ་ཁབ་མང་པོ་ཡོད་འདུག་པ་མ་ཟད། བདུན་ཕྲག་གོང་མར་ཁ་ན་ཏྲ་ནས་ཀྱང་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ།། 

གསར་འགོད་པ་དཀོན་མཆོག་རབ་བརྟན།