ྋགོང་ས་མཆོག་གི་མཛད་རྗེས་རྗེས་དྲན་དང་འབྲེལ་བའི་གྲོས་ཆོད་ཁག་དྲུག་གཏན་འབེབས་གནང་འདུག།
ྋགོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། ཁོང་གི་མཛད་རྗེས་རྗེས་དྲན་ཞུ་རྒྱུའི་སྐོར་གྱི་གྲོས་ཆོད་ཁག་དྲུག་གཏན་འབེབས་གནང་འདུག།

ཟླ་འདིའི་ཚེས་༣ དང་༤ བཅས་ཉིན་གྲངས་གཉིས་ཀྱི་རིང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཉིན་གཉིས་པའི་ཐོག ༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། མཛད་རྗེས་རྗེས་དྲན་ཞུ་རྒྱུའི་སྐོར་གྲོས་ཆོད་ཁག་དྲུག་གཏན་འབེབས་གནང་འདུག
གྲོས་ཆོད་དེའི་ནང་། ཁོང་གིས་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ཏེ། ཕན་ཚུན་བརྩི་བཀུར་དང་བྱམས་སྙིང་རྗེའི་ལམ་ནས་གླེང་མོལ་བྱས་པ་བརྒྱུད་མཐུན་སྒྲིལ་ངོ་མ་དེ་འབྱུང་གི་ཡོད་པ་དང་། དགུང་གྲངས་༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ཡར་རྒྱས་ཀྱི་བཅོས་བསྒྱུར་གནང་བ། ཕྱི་ལོ་༡༩༥༠ ལོར་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་སྐབས། ཁོང་གིས་དྲག་ཤུགས་ལ་བཟོད་སྒོམ་དང་གདོང་ལེན་གནང་བ། ལྷག་པར་དུ་༧གོང་ས་མཆོག་གིས་དགྲ་ལན་སློག་རྒྱུའི་ཚབ་ཏུ་འཚེ་མེད་ཞི་བའི་ཐབས་ལམ་དང་གྲོས་མོལ་གནང་རྒྱུར་ནན་སྐུལ་མཛད་པ་སོགས་ཀྱི་མཛད་རྗེས་ལ་ངོས་འཛིན་གྱིས།
དང་པོ། ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ ཉིན་ྋགོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་དང་། ཁོང་གིས་མི་ཚེ་ཧྲིལ་པོར་འགྲོ་བ་མི་གཅིག་གྱུར། འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་གི་གོ་རྟོགས། དམངས་གཙོ་བཅས་དར་སྤེལ་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་ཞུ་རྒྱུ།
གཉིས་པ། བོད་མིའི་སྒྲིག་འཛུགས་དང་མཉམ་དུ་ྋགོང་ས་མཆོག་གི་དགུང་གྲངས་༩༠ འཁྲུངས་སྐར་དེ་འགྲོ་བ་མིའི་རིགས་ལ་ཕུལ་བའི་ཁོང་གི་མཛད་རྗེས་ལ་རྗེས་དྲན་གྱིས་འཛམ་གླིང་ཡོངས་སུ་“སྙིང་རྗེའི་ལོ་” ཞེས་སྲུང་བརྩི་ཞུ་རྒྱུ།
གསུམ་པ། ྋགོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་སྲུང་སྐྱོབ། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཐོག་ལ་གནང་བའི་བླ་ན་མེད་པའི་མཛད་རྗེས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ཁོང་གི་མཛད་རྗེས་རྒྱུན་འཛིན་དང་རྒྱུན་འཛིན་བྱེད་རྒྱུའི་དམ་བཅའ་འཇོག་རྒྱུ།
བཞི་པ། ྋགོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་བྱ་རྒྱུ།
ལྔ་པ། ྋགོང་ས་མཆོག་གི་ཡང་སྲིད་སྐོར་གྱི་ཐག་གཅོད་དབང་ཚད་གཅིག་པུ་དེ་ྋགོང་ས་མཆོག་རང་ཉིད་དང་དགའ་ལྡན་ཕོ་བྲང་དགེ་རྩ་ཁོ་ནར་ཡོད་པ་བསྐྱར་ནན་བྱེད་རྒྱུ།
དྲུག་པ། འགྲོ་བ་སེམས་ཅན་ཡོངས་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་དར་རྒྱས་ཡོང་བའི་ཆེད་དུ་ྋགོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་སྐུ་ཁམས་གསལ་དྭངས་ཡོང་བའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་གཏན་འབེབས་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་ཐོག་དྲྭ་ཐོག་ཏུ་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།