ྋགོང་ས་མཆོག་ལ་དད་གུས་བརྩི་བཀུར་ཞུ་རྒྱུའི་ཚབ་ཏུ་རྫུན་གཏམ་ཧམ་བཤད་བྱས་པར་བཀའ་ཤག་ནས་ངོ་རྒོལ་ཡོད།
བཞི་བདེའི་གཟེངས་རྟགས་ཀྱི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། བཀའ་སྤྱི་གཉིས་ཀྱིས་གོང་ས་མཆོག་བོད་མི་རང་གི་ངོས་ནས་ཐུགས་ཕམ་གྱི་བཀའ་སློབ་ཕེབས་དགོས་བཟོས་པ་འདི་དག་ཧ་ཅང་བློས་འགན་མི་བཟོད་པའི་གནས་སུ་གྱུར་སྐོར་དང་། ྋགོང་ས་མཆོག་ལ་དད་གུས་བརྩི་བཀུར་ཞུ་རྒྱུའི་ཚབ་ཏུ་རྫུན་གཏམ་ཧམ་བཤད་བྱས་པར་ངོ་རྒོལ་ཡོད་སྐོར་བསྒྲགས་གནང་སོང་།
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་༢༦ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དུས་དྲན་མཛད་སྒོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་དང་། ཁྲིམས་ཞིབ་པ་གཞན་རྣམ་གཉིས། སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དབུས་སྤྱི་འཐུས་རྣམ་པ། ཉིན་དེའི་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་ཤཱ་པུར་ས་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སར་ཝིན་ཅོ་དི་རི་སོགས་ཕེབས་ཡོད་པ་རེད།
འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ཞབས་ལོ་༢༥ ལོན་པའི་ལས་བྱེད་རྣམས་ལ་སྲིད་སྐྱོང་གིས་གཟེངས་བསྟོད་ལེགས་སྐྱེས་ཕུལ་བ་ཡོད་པ་རེད།
ཉིན་དེའི་བཀའ་ཤག་གི་གསུང་བཤད་སྲིད་སྐྱོང་བློ་བཟང་སེང་གེས་སྒྲོགས་སྦྱང་གནང་བའི་གནང་བའི་ནང་“བོད་མིའི་བླ་ན་མེད་པའི་དབུ་འཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་པ་དང༌། ཆོས་ལུགས་མཐུན་སྒྲིལ། ཡ་རབས་བཟང་སྤྱོད། རང་བྱུང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་སྨན་པའི་མཛད་བཟང་བསྐྱངས་པར་ངོས་འཛིན་ཞུས་ཏེ་ཕྱི་ལོ་ ༡༩༨༩ ལོར་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་ལ་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་ཡོད་”ཅེས་སོགས་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས་ཡོད་པ་རེད།
༧གོང་ས་མཆོག་གི་དགོངས་གཞི་རྒྱ་བོད་ཞི་འགྲིག་ཡོང་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཐོབ་ཀྱི་ཡོད་སྐོར་འཁོད་དོན། “འདི་ལོའི་ནང་སྲིད་འཛིན་ཨཱོ་བྷ་མ་མཆོག་གིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་མཇལ་འཕྲད་གནང་སྐབས་ཁོང་གིས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་འབྲེལ་མོལ་གནང་དགོས་པའི་ནན་བསྐུལ་གནང་ཡོད།”ཅེས་དང་། “ཨ་རི་གྲོས་ཚོགས་ཀྱི་དབུ་འཁྲིད་ལྕམ་ནན་སི་པེ་ལོ་སི་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་དུ་གཟིགས་སྐོར་ཕེབས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཚབ་ཡོད་གསུངས་པ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་འབྲེལ་མོལ་གནང་དགོས་པའི་བསྐུལ་མ་གནང་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།
བཀའ་ཤག་གི་གསུང་བཤད་ནང་མུ་མཐུད་འཁོད་དོན། “ཉེ་དུས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང༌། ཐེ་ཝན་གྱི་འགོ་འཁྲིད་མཱ་ཡིན་ཇོའུ་རྣམ་གཉིས་སིང་སྒ་སྤུར་དུ་མཇལ་འཕྲད་གནང་བ་དེས་རྒྱ་ནག་དང་ཐའེ་ཝན་དབར་གྱི་གནད་དོན་ཇི་ཡོད་ཞི་བའི་སྒོ་ནས་སེལ་ཐུབ་པར་ཕན་པའི་བསམ་ཚུལ་འཛིན་གྱི་ཡོད། གོང་དུ་ཨ་རི་གྲོས་ཚོགས་དང་ཡུ་རོབ་འཐུས་ཚབ་རྣམས་ཀྱིས་ཇི་ལྟར་གསུང་པ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་སེམས་འཚབ་སྐྱེ་གཞིའི་གནས་སུ་གྱུར་ཡོད། དེ་རིང་ནི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའང་ཡིན་པ་དང༌། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ཏེ་མི་ལོ་ ༦༧ འཁོར་ཟིན་ནའང་བོད་མི་རྣམས་ནས་དགའ་སྟོན་བྱེད་རྒྱུ་གང་ཡང་མེད། རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་ ‘བོད་ལ་ཕུལ་བྱུང་གི་དུས་རབས’་ཞེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ནའང༌། དོན་དངོས་སུ་བོད་མི་རྣམས་ལ་དཔལ་འབྱོར་གྱི་ཁེ་ཕན་དང་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་དབང་མེད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་དམ་བསྒྲགས་དང༌། དཔལ་འབྱོར་ཟུར་འབུད། མི་རིགས་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་བཞིན་པ་བཅས་ཀྱི་བྱེད་བབ་ལ་འགྱུར་བ་ཕྱིན་མེད་” བོད་ནང་གི་དཀའ་ངལ་སྐོར་དང་། བོད་མིས་རྒྱ་ནག་ལ་ངོ་རྒོལ་འབྱུང་སྐྱེན་སྐོར་སོགས་འཁོད་ཡོད་པ་རེད།
བོད་མི་ཚོས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དགོས་སྐོར་འཁོད་དོན། “གཞི་རྩའི་གཏམ་བརྗོད་ཀྱི་རང་དབང་ནི་མང་གཙོའི་ཐོབ་ཐང་ཞིག་ཡིན་པ་དང་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ནི་དེའི་ལག་ཆ་ལྟ་བུ་ཡིན་ནའང༌། དེ་དག་བེད་སྤྱོད་ལོག་པར་མ་སོང་བའི་འགན་འཁུར་དགོས་པ་ཡིན། དམིགས་བསལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བརྩི་བཀུར་ཞུ་རྒྱུའི་ཚབ་ཏུ་རྫུན་གཏམ་ཧམ་བཤད་བྱས་པ་ལ་བཀའ་ཤག་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྲིད་སྐྱོང་དང་སྤྱི་འཐུས་ལ་བཞེངས་མཁན་སྐྱེ་བོ་སུ་ཡིན་མིན་ལ་མ་ལྟོས་པར་ཁུངས་མེད་ཀྱི་སྐྱོན་འཛུགས་བྱེད་པ་དེས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྒྲིག་འཛུགས་ཀྱི་མཚན་མཐོང་ལ་གནོད་རྒྱུ་ལས་ཕན་ཆ་གང་ཡང་མེད། ཉེ་ཆར་དྲ་ལམ་ཁག་ཏུ་གཞི་མེད་སྐྱོན་འཛུགས་ཀྱི་འཆལ་གཏམ་མང་དག་ཅིག་སྤེལ་བ་དེས་མང་ཚོགས་ཡིད་རྨོངས་སུ་བཅུག་ཡོད་པ་མ་ཟད། བོད་མིའི་རྩ་དོན་དང་ཆིག་སྒྲིལ་ལ་འཕྲལ་ཕུགས་རྒྱང་གསུམ་ནས་ཁེ་ཕན་གང་ཡང་བྱུང་རྒྱུ་མེད་ན་ཚང་མས་ཡིད་གཟབ་དང་འགན་འཁུར་གནང་རྒྱུ་གལ་ཆེ། ཚང་མའི་དགོངས་མངའ་ལྟར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ ལྷག་གི་རིང་བོད་དང་བོད་མིའི་བདེ་དོན་ཁོ་ནའི་ཆེད་སྐུ་ལས་སྐྱོན་ཏེ་རྒྱ་བོད་མི་རིགས་མཉམ་གནས་དང༌། ལྷག་པར་གཞིས་བཞུགས་བོད་མིའི་ཛ་དྲག་གི་དཀའ་སྡུག་དང༌། བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་མི་འགྲོ་བའི་ཐུགས་ཁུར་ལྷུར་བཞེས་མཛད་པ་བཅས་ཀྱི་བཀྲིན་ནི་བོད་ཀྱི་ལོ་རྒྱུས་སུ་གསེར་གྱི་ཡིག་གེར་བཀོད་དེ་བོད་ཀྱི་མི་རབས་རྒན་པས་གཞོན་པར་བརྒྱུད་སྤྲོད་ཀྱིས་གཏན་ནས་མ་བརྗེད་པར་གནས་དགོས་པ་ཞིག་ཡིན། མགོན་པོ་མཆོག་གི་བཀྲིན་སྙིང་དབུས་སུ་བཅངས་པའི་སྒོ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༡༤ ལོར་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་པ་དང༌།༢༠༡༥ ལོར་གཞུང་མང་གཉིས་ནས་མགོན་པོ་མཆོག་དགུང་གྲངས་བརྒྱད་བཅུ་ཐམ་པར་ཕེབས་པའི་བཀྲིན་རྗེས་དྲན་གྱི་ལོ་ཚིགས་སྲུང་བརྩི་ཞུ་བཞིན་པའིསྐབས་འདིར་སྐྱེ་བོ་རེ་ཟུང་གིས་བཀའ་དྲིན་བསམ་ཤེས་མེད་པར་མགོན་པོ་མཆོག་ལ་རྒྱལ་ཚོང་བ་ཡིན་པའི་སྨྱོ་གཏམ་དང༌། ཟུར་ཟ་སོགས་འཆལ་གཏམ་སྣ་ཚོགས་སྤེལ་བཞིན་ཡོད་པ་ནི་འགྲོ་བ་མིའི་བཟང་སྤྱོད་དང་ཡོངས་སུ་འགལ་བའི་ངོ་ཚ་དགོས་པའི་གནས་ཤིག་ཡིན་”ཞེས་དང་། དེ་བཞིན་དོལ་རྒྱལ་རྗེས་འབྲང་པས་ཆོས་དད་རང་དབང་ཁ་ལ་ཁྱེར་ནས། ༧གོང་ས་མཆོག་ལ་མཚན་སྨོན་ཞུས་པ་སོགས་མི་འགྲིག་སྐོར་འཁོད་འདུག
བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྒྲོགས་སྦྱང་གནང་བའི་ནང། ༧གོང་མཚུངས་བཞིན་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ་དང་། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་དམིགས་ཡུལ་སྐོར་འཁོད་དོན། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བའི་དགོས་དོན་གསལ་བསྒྲགས་གནང་བའི་ནང་། ‘བོད་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དེང་སྐབས་འཛམ་གླིང་ནང་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་། བཟོད་སྒོམ། འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ནས་ཞི་མཐུན་འགྲིག་འཇགས་ཡོང་ཐབས་གཙོ་བོ་གནང་མཁན་ཞིག་ཡིན་པའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱལ་རབས་དང་། རིག་གཞུང་སོགས་ཀྱི་ཁྱད་ཆོས་བཟང་པོ་རྣམས་ཉམས་མེད་གཅེས་སྐྱོང་གི་མཛད་རྗེས་བླ་ན་མེད་པ་ཡོད་པ་ཞིག་ཡིན་པ་དང། ༸གོང་ས་མཆོག་ནི་འགྲོ་བ་མིའི་ཁེ་དབང་ཐོབ་ཐང་སྲུང་སྐྱོབ་མཛད་རྒྱུ་དང་། གཞན་ཡང་འཛམ་གླིང་གི་རང་བཞིན་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དོན་དུ་མཛད་བྱུས་དོན་ཕན་ལྡན་པ་ཕྱག་ལེན་དུ་བསྟར་གནང་མཛད་མཁན་ཞིག་ཡིན་པ་མ་ཟད། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་གི་གང་ཅིའི་མི་མཐུན་རྩོད་རྙོག་མཐའ་དག་ཞི་བའི་སྒོ་ནས་འཇགས་ཐབས་ཀྱི་དགོངས་འཆར་ཟབ་མོ་ཡང་ཡང་གནང་ཡོད་’ཅེས་འཁོད་ཡོད་”ཅེས་འཁོད་ཡོད་པ་རེད།
དབུ་མའི་ལམ་གྱི་སྲིད་ཇུས་བྱུང་རིམ་སྐོར་འཁོད་དོན། “བོད་དོན་འདི་རྒྱ་ནག་རང་ལ་མེས་འཚིགས་མེར་གཏུགས་བྱ་རྒྱུ་དེ་ལས་ཐབས་ལམ་བཟང་བ་མེད་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་དགོངས་གཞིའི་སྐོར་ཕྱི་ལོ་ ༡༩༧༤ ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། སྐབས་དེའི་བོད་གཞུང་གི་མཛད་གཙོ་གཞན་རྣམ་པར་བཀའ་བསྡུར་རིམ་པ་དང་། མང་ཚོགས་ཀྱི་བསམ་ཚུལ་དང་བསྟུན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་། སིཊཱར་སི་སྦག་ཏུ་གསུང་བཤད་གནང་བའི་ཐོག་ནས་གསལ་བཟོ་མཛད་པ། སླར་ཡང་གཞིས་བྱེས་རྒྱ་ཆེའི་བོད་མི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་བཞེས་གནང་བར་བརྒྱ་ཆ་ ༦༤ བརྒལ་བའི་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་དང་བཅས་མང་གཙོའི་འགྲོ་ལུགས་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ལངས་ཕྱོགས་ཐད་ཀྱི་སྲིད་བྱུས་སུ་ངེས་པ་ཞིག་ཆགས་ཡོད་”ཅེས་སོགས་འཁོད་འདུག
སྤྱི་འཐུས་ཀྱི་གསུང་བཤད་ནང་། ༧གོང་ས་མཆོག་གིས་༢༠༡༥ ལོའི་ཟླ་༡༡ ཚེས་༣ ལྷ་བབས་དུས་ཆེན་ཉིན་བཀའ་སློབ་ཅིག་གནང་བ་ལུང་འདྲེན་གནང་བ་དང་འབྲེལ་བཀའ་དྲིན་རྗེས་དྲན་དགོས་སྐོར་འཁོད་དོན། “ད་ཆ་ང་ཚོ་དུས་རབས་ ༢༠ དང་ ༢༡ ནང་སླེབས་ཡོད། འཛམ་གླིང་ཧ་ཅང་འགྱུར་བ་འགྲོ་བཞིན་ཡོད། དེ་འདྲ་ཡིན་དུས་གཉིས་ཕན་གྱི་བསམ་བློ་བཏང་ནས་འགྲོ་རྒྱུ་ཅིག་རེད། དབུ་མའི་ལམ་ཟེར་རྒྱུ་འདི་རེད། དེ་རིང་ཁྱེད་རང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་གཙང་མའི་ཐོག་ནས་དེའི་རྗེས་སུ་སྐྱོད་བཞིན་ཡོད། དེར་འགྱུར་བ་མེད། ཅེས་བརྗོད་པ་རེད། དེ་ངོས་རང་ཧ་ཅང་དགའ་པོ་བྱུང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཤ་ཚ་ཡོད་པ་རེད། བོད་ལ་ཕན་པ་ཞིག་བསམ་བློ་གཏོང་གི་རེད། བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྱེར་ནས་ལོ་དྲུག་ཅུ་ཙམ་ལས་ཀ་བྱས་པ་རེད། ད་ཆ་རྒན་ཡོལ་བྱས་ནས་ངོས་རང་ལོ་བརྒྱད་ཅུར་སླེབས་སྐབས་འགྲིག་མ་སོང་ཞེས་ལབ་པ་ཡིན་ན་སྐབས་རེ་བློ་ཏོག་ཙམ་ཕམ་གྱི་འདུག བསམ་པ་རྣམ་དག་བྱས་པ་ཡིན། ད་ཆ་ཡག་བྱུང་ཟེར་རྒྱུའི་ཚབ་ཏུ་འཐུས་ཤོར་བཏང་འདུག་ཅེས་ལབ་ན་བློ་ཕམ་གྱི་འདུག ཤེས་སོང་ངམ། དེར་བརྟེན་ང་ཚོའི་རྩ་བའི་ལམ་སྟོན་ཞིག་ཡོད་པ་དེར་ཧུར་ཐག་འབད་ཐག་བྱས་ནས་ཤར་བསྐྱོད་བྱེད་བཞིན་ཡོད་ཅེས་བརྗོད་པ་དེར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་” ཞེས་སོགས་ཐུགས་ཕམ་གྱི་བཀའ་སློབ་སྩལ་དགོས་བྱུང་བ་འདི་བཞིན་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག ཡིད་བཞིན་གྱི་ནོར་བུ་ཞེས་ཞུ་བཞིན་པའི་འདི་ཕྱི་གཏན་གྱི་བཀའ་དྲིན་གྱི་བདག་ཉིད་ཆེན་པོ་གང་ཉིད་བོད་མི་རང་གི་ངོས་ནས་ཐུགས་ཕམ་གྱི་བཀའ་སློབ་ཕེབས་དགོས་བཟོས་པ་འདི་དག་ཧ་ཅང་བློས་འགན་མི་བཟོད་པའི་གནས་སུ་གྱུར་པས་བོད་མི་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་མཛད་ཕྱོགས་དངོོས་ཡོད་ཀྱི་ལམ་ནས་གསལ་རྟོགས་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེར་མ་ཟད། མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་དུས་རྟག་ཏུ་ཡིད་ལ་དྲན་ཤེས་དགོས་པ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་བཅས་ལ་དགོངས་རྒྱ་ཆེ་བཞེས་མ་ལན་མ་འགྱོད་མེད་པ་གནང་དགོས་པའི་དུས་མཚམས་ངེས་ཅན་ཞིག་ཏུ་སླེབས་ཡོད་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག
དེ་བཞིན་བོད་ནང་གི་གནས་སྟངས་སྐོར་འཁོད་དོན། “དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚིགས་གལ་ཆེ་ཞིག་ཆགས་ཡོད་ཀྱང་། བོད་ནང་དུས་ད་ལྟའང་རང་ལུས་མེར་བསྲེགས་སོགས་ཀྱི་ལས་འགུལ་རིགས་བར་མཚམས་མི་ཆད་པ་འདིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་མེད་པ་གསལ་སྟོན་བྱེད་ཀྱི་ཡོད། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་སྐྱོ་ཁར། དམ་དྲག་ཅི་ཆེར་བཏང་དང་གཏོང་བཞིན་པ་དཔེར་ན། ཁམས་འབྲི་རུ་རྫོང་གིས་བོད་མིའི་ཆོས་ལུགས་དད་མོས་རང་དབང་བཀག་སྡོམ་བྱ་རྒྱུར་ཆེད་དམིགས་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ་དགོན་པར་ཕྱོགས་ཡོངས་ནས་སྟངས་འཛིན་དོ་དམ་དང་། གྲྭ་བཙུན་རྣམས་ཕྱིར་འབུད། མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བཀག་སྡོམ་བཅས་བྱས་ཏེ། དགོན་པ་ནི་སྲིད་གཞུང་གི་ལས་ཁུངས་དང་གྲྭ་བཙུན་རྣམས་དམར་ཤོག་ཚོགས་མི་ལྟ་བུར་སྒྱུར་བཞིན་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།
གཞུང་འབྲེལ་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་དང་དྷ་སའི་ཉེ་འཁྲིས་ཀྱི་སློབ་མ་སོགས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་། ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲོག་འོག་ས་གནས་ཡུལ་མིས་གཞས་སྣ་འཁྲབ་སྟོན་བྱས་ཏེ། མཛད་སྒོ་གྲོལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།